གྲོགས་ཟ་ལེ་རྒྱལ་ལ་སྤྲིངས་པ།

  • བོད་ཁྲག

 

བདེ་བ་ཅན་ཞེས་བཤད་ན་མི་ཤེས་ཀྱང༌། །
སྒོར་མོའི་ཕྱོགས་སུ་ཅུང་ཙམ་ཐུ་བ་ཡི། །
ནུབ་ཕྱོགས་ཧྥ་རིན་སི་ན་གནས་འཆའ་བའི། །
གྲོགས་པོ་ཟ་ལེ་རྒྱལ་གྱི་སྙན་དྲུང་དུ། །

གྲོང་ཁྱེར་ཁྱི་སྐྱག་འདྲ་བ་ཟི་ལིང་གི། །
ཁང་བརྩེགས་ཞིག་རོ་ཞིག་གི་ནང་འཁོར་དུ། །
ཉམ་ཆུང་དྭ་ཕྲུག་འགའ་ཡི་དགེ་རྒན་དུ། །
རློམ་པའི་བུ་ངན་བདག་གིས་མཆིད་འདི་གསོལ། །

ལེགས་བཤད་རྒྱ་མཚོ་འཐུང་བཞིན་བདེ་ལེགས་སམ། །
ལྗགས་རྩོམ་རྒྱ་མཚོ་སྐྱུགས་བཞིན་བདེ་ལེགས་སམ། །
འཛུམ་མདངས་རྒྱ་མཚོ་འཁྱིལ་ལེ་བདེ་ལེགས་སམ། །
དགོད་སྒྲ་རྒྱ་མཚོ་ལྷང་སེ་བདེ་ལེགས་སམ། །
 
སྟག་གདོང་རྫ་རི་མཐོན་པོའི་འདབས་རོལ་དུ། །
གྲོགས་ཁྱོའི་རྐང་རྗེས་མ་ཡལ་གསལ་ལེར་མངོན། །
ན་གཞོན་ལོ་སར་མ་ཉམས་འཚོག་གིན་ཡོད། །
སྐྱ་རེངས་ལོ་དེབ་མ་ཆད་དཔར་གྱིན་ཡོད། །

སྟག་ཤར་གཞོན་ནུའི་བགོ་སྐལ་གཞན་ཡུལ་དུ། །
ཡོད་པའི་བཤད་རྒྱུན་ཅུང་ཙམ་བདེན་འཆི་ཡང༌། །
སྐྱེས་ཡུལ་དྲོན་མོར་འོད་ཅིག་མ་ཕོགས་ན། །
ཉི་མ་མཁར་རུ་འཕགས་ཀྱང་དགེ་བ་ཆུང༌། །

ཕ་ས་དྲོན་མོ་བསམ་བཞིན་ཕྱིར་ལ་ཤོག །
ཕུ་ནུ་མིང་སྲིང་བསམ་གྱིན་ཕྱིར་ལ་ཤོག །
ལུས་པོ་གནས་སྐབས་ཕྱིར་ལ་ཡོང་དཀའ་ན་ཡང༌། །
མཛད་པ་འཕྲིན་ལས་ཕ་ཡུལ་ཕྱོགས་ལ་ཤོག །

རང་ཡུལ་གད་པ་ཡིན་རུང་སྐྱིད་ཅིག་ཡོད། །
ཕུ་ནུ་ཟང་ཟིང་ཆེ་རུང་འདང་ཞིག་ཡོད། །
ན་སོ་གཞོན་ནས་ཡོལ་བའི་སྐབས་ཤིག་ཏུ། །
ཕ་ས་ཕུ་ནུ་དགོས་པའི་དུས་ཤིག་ཡོད། །

རྫོགས་པའི་སངས་རྒྱས་མཆོག་ལ་ཀ་ཁ་དང༌། །
ཨ་མྱེས་རྒན་པོ་ལགས་ལ་གནའ་གཏམ་གྱི། །
དཔེ་རུ་འགྱུར་ཡང་འུ་གཉིས་བརྩེ་ཞུན་གྱིས། །
བསྐུལ་ནས་མ་བཅོས་གཏམ་འདི་ཐོལ་གྱིས་ཤོར། །

རིག་པའི་ལང་ཚོ་སྔར་ལས་རྒྱས་པར་སྨོན། །
དཔལ་འབྱོར་དབྱར་སྤྲིན་བཞིན་དུ་འདུ་བར་སྨོན། །
བྱ་བཞག་སྤྱི་དོན་ཕྱོགས་སུ་འཁོར་བར་སྨོན། །
ཚེ་རིང་ནད་མེད་སྐུ་ལུས་བདེ་བར་སྨོན

 

  • loading
  • #1

    ཟ་ལེ་རྒྱལ། (Saturday, 10 July 2010 20:07)

    ཟིན་བྲིས་འདི་གཡུ་ཞུན་དྲ་ནས་བརྐུས་བ་ཡིན།
    དགོངས་དག།

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།