(གཟུངས་ཕྱུག་སྐྱིད)
དེང་སྐབས་བོད་ཕྱི་ནང་གཉིས་སུ་བུད་མེད་ཐོབ་ཐང་སྐོར་གླེང་མཁན་ཇེ་མང་དུ་འགྲོ་བཞིན་འདུག འགའ་ཤས་ཤིག་གིས་བོད་ཀྱི་བུད་མེད་ལ་ཐོབ་ཐང་མེད་ཚུལ་ཤུགས་དྲག་གིས་བརྗོད་བཞིན་ཡོད་ལ།ཡང་འགའ་ཤོས་ཤིག་གིས་བོད་ཀྱི་བུད་མེད་ལ་ཐོབ་ཐང་ཡོད་ཚད་ལུང་དང་རིག་པས་བསྒྲུབས་ཀྱིན་ཡོད། ངས་བལྟས་ན་གོང་གི་བརྗོད་གཞི་དེ་གཉིས་ལས་གང་ཡིན་ཡང་སྤྱི་བསྒྲགས་ཙམ་གྱི་ཁ་གཡང་ལས་དོན་དངོས་ལ་ཁ་གཏད་ཀྱིན་མེད་པ་ཞིག་ཏུ་མཐོང་སོང། རྒྱུ་མཚན་སྔ་མ་ལྟར་ན་བོད་ཀྱི་བུད་མེད་ནི་ཐོབ་ཐང་གང་ཡང་མེད་པའི་བྲན་གཡོག་ཙམ་རེད་ཟེར་ན། གནའ་དེང་གི་སྤྱི་ཚོགས་ལོ་རྒྱུས་ཀྱི་སྡིངས་་ཆ་ན་མངོན་པར་མཐོ་བའི་བུད་མེད་ཇི་སྙེད་ཅིག་བྱུང་ཡོད་པ་དག་ནི་སོ་སོའི་ཐོབ་ཐང་ཁུར་དུ་ལེན་ཕོད་མཁན་གྱི་སྐྱེས་མ་རླབས་ཆེན་དག་མིན་ནམ།དཔེར་ན་བུད་མེད་སྲིད་དོན་པ།བུད་མེད་གཡུལ་འཐབ་བ།བུད་མེད་ཆོས་པ།བུད་མེད་མཉམ་ལེན་པ་སོགས་མདོར་ན་བོད་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས་ཁྲོད་མང་དུ་བྱུང་མྱོང་བ་ནི་དངོས་ཡོད་ལོ་རྒྱུས་ཀྱིས་ར་སྤྲད་བྱུང་ཡོད། དེ་བཞིན་དུ་དེང་གི་སྤྱི་ཚོགས་ཁྲོད་ནའང་བུད་མེད་དཔོན་པོ་དང་མཁས་པ། སྤྲུལ་སྐུ། ཁེ་ལས་པ། སྐད་བསྒྱུར་བ། ཡིག་བསྒྱུར་བ། སྨན་རིམ་པ། རྩིས་རིམ་པ།་རྩོམ་པ་པོ། སྒྱུ་རྩལ་བ། གར་མ། གཞས་མ་སོགས་མང་དུ་མཐོང་རྒྱུ་ཡོད་པ་མ་ཟད། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་ཆེད་རང་སྲོག་བློས་གཏོང་ཕོད་མཁན་གྱི་བུད་མེད་ལ་རྒྱ་ཅན་ཡང་བགྲང་གིས་མི་ལང་བ་འབྱུང་བཞིན་ཡོད་པ་དག་ལ་གཞིགས་ཀྱང་བོད་ཀྱི་སྐྱེས་པ་ཚོ་ཐོན་ས་རེ་ལ་བུད་མེད་མ་ཐོན་ས་ཞིག་མེད་པ་ནི་ཁ་གསལ་མིག་ཟིན་རེད།འོ་ན་དེ་དག་ལ་རང་རང་གི་འཇོན་ཚོད་ཀྱི་བྱ་ལས་དེར་སྙེག་པའི་ཐོབ་ཐང་དེ་སུས་བྱིན་པ་རེད་དམ།དེ་ནི་བོད་ཀྱི་བུད་མེད་ཚོས་བླངས་ཟིན་པའི༷་ཐོབ་ཐང་གི་བདག་དབང་ངོ་མ་ཞིག་མིན་ནམ།འདི་ནི་དེང་གི་བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་ཐོབ་ཐང་ཞེས་སྤྱི་བསྒྲགས་ཀྱི་ཁ་གཡང་ཙམ་ཞིག་ཁྱེར་ནས་ས་མཆོང་གནམ་མཆོངས་བྱེད་མཁན་དག་ལ་མཚོན་ན་དོན་དངོས་ཀྱི་གསལ་འདེབས་ངོ་མ་ཞིག་ཡིན་པས་ཚང་མས་དངོས་ཡོད་ལ་མིག་གིས་བལྟས་ནས་བུད་མེད་སྤྱིའི་ལས་དབང་ལ་བསམ་གཞིགས་ཞིབ་མོ་བྱེད་རྒྱུ་ནི་རང་ཉིད་དང་བོད་ཀྱི་སྤྱི་ཚོགས་ལ་འགན་ཁུར་བའི་བྱ་བཞག་འགངས་ཆེན་ཞིག་ཏུ་འདོད།
གཞན་ཡང་ཕྱི་མ་ལྟར་བོད་ཀྱི་བུད་མེད་ལ་གཞན་ལས་ལྷག་པའི་ཐོབ་ཐང་དང་གོང་བཀུར་ཡོད་ཚུལ་ལུང་དང་རིག་པས་བསྒྲུབས་ནས་གསལ་བཤད་བྱེད་པའི་ངལ་བ་མང་དུ་གནང་བཞིན་པ་དེ་ཡང་དོན་དངོས་ཀྱི་གནད་དོན་ལ་ཕན་ཐོག་ཅུང་ཆུང་བར་འདོད། རྒྱུ་མཚན་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་མིག་སྔའི་གནས་ཚུལ་ལ་གཞིགས་ནས་བཤད་ན་བོད་ལ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་སམ་ཐ་སྙད་འདོགས་སྟངས་ཤིག་ཡོད་པ་ནི་སུས་ཀྱང་ངོས་ལེན་མི་བྱེད་ཐུ་མེད་ཡིན།དཔེར་ན་བོད་མིའི་གཞི་རིམ་སྤྱི་ཚོགས་ཁྲོད་མང་ཤོས་ཤིག་གིས་བུ་མོ་འགྲོ་ས་གནས་དང་བན་དེ་འགྲོ་ས་སྒར་ཞེས་ཁྱིམ་ཚང་ཞིག་ལ་མཚོན་ན།བུ་མོ་ནི་ཁྱིམ་འཛིན་མི་བྱེད་པར་གནས་ལ་སྟེར་བ་ནི་གནའ་སྲོལ་ཞིག་ཏུ་ཆགས་ཡོད།དེ་བཞིན་དུ་ཕ་ཁྱིམ་བུས་འཛིན་པ་ཞེས་ཁྱིམ་ཚང་གི་ཤུལ་འཛིན་ལ་ཡང་ཐོག་མ་ཉིད་ནས་བུ་བསྐོ་བའི་སྲོལ་ཡོད་ལ།གཞན་ད་དུང་ངེད་ཚང་གི་ཕ་རིང་བུ་རིང་ནས་བཟུང་ཟེར་བ་ལྟ་བུའི་གཏམ་དཔེ་མང་པོ་ཡང་དེང་སང་མང་དུ་ཐོས་རྒྱུ་འདུགདེ་མིན་ད་དུང་བུད་མེད་ཀྱི་ཁ་ལ་མི་ཉན་ཟེར་བ་དང་། བུད་མེད་ལ་ལག་མི་རྫོད་ཟེར་བ་ལྟ་བུའི་བུད་མེད་དག་ལ་ཧ་ཅང་སྣང་ཆུང་གི་སྐད་ཆ་ཡང་མང་པོ་ཞིག་བཤད་ཚུལ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ཡིན་ནའང་གོང་གི་སྣང་ཚུལ་དེའི་རིགས་ནི་བུད་མེད་ལ་བསམ་གཟས་ནས་གཉའ་གནོན་དང་མཐོང་ཆུང་བྱས་པ་ཞིག་མ་ཡིན་པར་གཙོ་བོ་ཕོ་མོ་གཉིས་ཀྱི་རྩོལ་བ་ཆེ་ཆུང་དང་རང་གཤིས་མི་འདྲ་བ་གཉིས་ཀྱི་སྟེང་ནས་བཞག་པའི་སྤྱི་སྡོམ་ཞིག་ཏུ་འདོད་པ་ལས། བུད་མེད་ཡོད་ཚད་ལ་མཐའ་གཅིག་ཏུ་དམའ་འབེབ་དང་ཁྱད་གསོད་བྱས་པ་ཞིག་ཏུ་མི་འདོད།
ངས་བལྟས་ན་སྐྱེས་པ་དང་བུད་མེད་གཉིས་ཐོག་མར་མ་མར་སྐྱེས་བ་ནས་བཟུང་རང་རང་གི་ཐུན་མོང་གི་ཁྱད་ཆོས་ཁ་ཁར་མངའ་བ་ནི་དེ་གཉིས་ལ་རྣམ་པ་གཅིག་ཏུ་མ་ངེས་པའི་མཚན་མ་གཉིས་ཡོད་པ་དང་།དེ་བཞིན་སྐད་གདངས་དྲག་ཞན།གཤིས་རྒྱུད་འཇམ་རྩུབ་སོགས་མང་པོ་ཞིག་གི་སྟེང་ནས་འདྲ་བ་མ་རེད།དེ་ནི་ཕོ་མོ་གཉིས་ཀར་མངའ་བའི་ཐུན་མོང་རང་བཞིན་གྱི་ཁྱད་ཆོས་ཤིག་ལ་བཞགས་ནས་ལྟ་བ་ལས་གཅིག་གིས་གཅིག་ལ་དབང་བསྒྱུར་དང་ཁྱད་གསོད་བྱས་པ་ལྟ་བུ་ཞིག་ཏུ་་ངོས་འཛིན་བྱས་ན་མི་འགྲིག་པར་འདོད།རྒྱུ་མཚན་ནི་སྐྱེས་པས་མི་གསོད་ཕོད་པའི་སྙིང་སྟོབས་དང་བུད་མེད་ཀྱི་བུ་བཙས་ཕོད་པའི་བཟོད་བསྲན་གཉིས་ལས་ཀྱང་ང་ཚོར་མང་པོ་ཞིག་གསལ་བཤད་བྱས་སོང་བ་མིན་ནམ།འདི་ལས་ང་ཚོས་སྐྱེས་པར་སྐྱེས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཆོག་པ་དང་།དེ་བཞིན་བུད་མེད་ལ་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་འོས་པའི་གནས་ལུགས་དེ་ཤེས་རྒྱུ་གལ་ཆེ་བར་འདོད།དཔེར་ན་བུད་མེད་སྤྱིའི་ཐུན་མོང་གི་གཤིས་རྒྱུད་ནི་རང་བཞིན་འཇམ་ཞིང་བརྩེ་དུང་གི་ཆ་དེ་ལ་བློ་གཟུར་བའམ་དོ་ཁུར་གྱི་འདུ་ཤེས་ལྕི་བ་ལྟ་བུ་ཞིག་ཏུ་མཐོང་ཞིང་། དེ་བཞིན་དུ་ཕོ་ཡི་རང་བཞིན་ནི་གཤིས་རྒྱུད་བརྗིད་ཅིང་རྩུབ་ལ་བསམ་བློའི་ཆ་དེ་ལ་མཉམ་འཇོག་གི་འདུ་ཤེས་ལྕི་བ་ཞིག་ཀྱང་རེད། དེ་བཞིན་དུ་གནས་བོའི་སྤྱི་ཚོགས་ཀྱི་དུས་སུ་གཡུལ་འཐབ་དང་དྲག་ཤུགས་ཀྱི་ལས་ཀ་གཙོ་བོ་བྱེད་པའི་ཆ་ནས་སྐྱེས་པ་ལས་བུད་མེད་ལ་སྣང་ཆུང་ངམ་ནུས་མེད་དུ་མཐོང་བའི་ལྟ་ཚུལ་འདི་བྱུང་བར་མངོན། ཡང་གཅིག་བཤད་ན་དེ་ནི་བོད་པ་གཅིག་པུ་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ལོ་རྒྱུས་ཁྲོད་བྱུང་མྱོང་བའི་སྤྱི་ཚོགས་ཀྱི་འཕེལ་རིམ་ཞིག་ཏུ་འདོད་པས་དེ་ལ་དེ་ཙམ་གྱིས་ཡ་མཚན་དུ་འཛིན་མི་དགོས་པར་འདོད་ལ།རྒྱུ་མཚན་བོད་ཀྱི་བུད་མེད་ཚོས་ཀྱང་དེང་གི་སྤྱི་ཚོགས་ཁྲོད་ནའང་དུས་རབས་དང་མཐུན་པའི་གོམ་པ་ཤུགས་ཀྱིས་ལེན་བཞིན་ཡོད་ལ།མ་འོངས་པར་ཡང་དེ་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་མང་པོ་ང་ཚོའི་སྤྱི་ཚོགས་ཁྲོད་བྱུང་སྲིད་པར་ཡིད་ཆེས་བྱས་ཆོག
2006.9.23ཉིན་བྲིས།
