བོད་ལ་སྤྱི་སྐད་ཅིག་དགོས་ན་འདི་ལྟར་གྱིས།

རྒྱ་རགས་ནས། 
  གཅིག་བྱས་ན་བདག་གི་སྐད་ཆ་འདིས་ཁྱོད་ལ་ཕོག་ཐུག་གཏོང་སྲིད་པ་ཡིན། ཡིན་ཡང་སྐད་ཆ་གོ་མ་ཐག་ཨ་འབྱོག་འགེབ་པ་དང་། ཡང་ན། སྙིང་རླུང་ལྡང་བ་སོགས་མི་བྱེད་པར་རང་ཉིད་ལ་ཚོད་ལྟ་ཐེངས་ཤིག་ཅིས་ཀྱང་བྱེད་རོགས། 
  ཁྱོད་ཀྱིས་རང་གི་ནང་མི་ཚོར་ཁ་པར་བཏང་ནས་སྤྱིར་བཏང་གི་དོན་དག་ཅིག་གི་སྐོར་ལ་ཁ་བརྡ་བྱོས་དང་། ཁྱོད་ཀྱིས་བསམ་བློ་གཏོང་མི་དགོས་པར་སྐད་ཆ་ཆུ་བཞུར་བཞུར་བཤད་ཐུབ་ལ། སྐད་ཆ་བཤད་ཟིན་ནས་ཞུ་དག་གཏོང་བ་དང་། བཟོ་བཅོས་རྒྱག་པ་སོགས་བྱེད་མི་དགོས་ལ་ཕ་རོལ་དེས་ཀྱང་ལས་སླ་བོར་གོ་ཐུབ་པ་རེད། དེ་ནས་ཁྱོད་ཀྱིས་ད་ལྟ་རང་བཤད་ཟིན་པའི་སྐད་ཆ་དེ་དག་ཡིག་ཐོག་ཏུ་འབྲི་ཐུབ་མིན་ཚོད་ལྟ་ཞིག་བྱོས་དང་། ཁྱོད་ཀྱིས་ད་སོ་མ་བཤད་ཟིན་པའི་སྐད་ཆ་དེ་བོད་སྐད་གཙང་མ་གཙང་རྐྱང་ཡིན་ལ། དེ་ཁྱོད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་བོད་སྐད་རྣལ་མ་ཡིན་ཡང་ཁྱོད་ཀྱིས་ཆ་ཚང་བར་ཁ་སྐད་ནང་བཞིན་འབྲི་མི་ཐུབ། དེ་བོད་ཡིག་ཐོག་ཏུ་ཇི་བཞིན་བྲིས་པའི་དབང་དུ་བཏང་ནའང་ཕྲད་དང་རྣམ་དབྱེའི་ཐོབ་ཐང་ནོར་བ་དང་། བརྡ་སྤྲོད་དང་མི་མཐུན་པའི་སྐྱོན་མང་པོ་སླེབས་ཡོང་།   དེས་ན་ཁྱོད་ཀྱིས་བཤད་པའི་བོད་སྐད་དང་དེང་སང་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་གི་བར་ལ་དཔགས་ཚད་དང་རྒྱང་གྲག་གི་བར་ཐག་ཅིག་ཡོད་པ་ཤེས་ཡོང་། 
  བོད་སྐད་གྲུབ་ནས་མི་ལོ་ཅི་ཙམ་སོང་བ་ནི་སུས་ཀྱང་མི་ཤེས། གཅིག་བྱས་ན་ལོ་ས་ཡ་འགའ་འགོར་ཡོད་སྲིད་པ་རེད། འོན་ཀྱང་། བོད་སྐད་ཡིག་ཐོག་ཏུ་འབྲི་བའི་སྲོལ་དར་ནས་ལོ་སྟོང་ཕྲག་ཁ་ཤས་ལས་འགོར་མེད་པ་ཡོངས་གྲགས་ཡིན། ལོ་ངོ་སྟོང་ཚོ་འགའི་རིང་ལ་བོད་སྐད་ཡིག་ཐོག་ཏུ་འབྲི་བའི་སྲོལ་རིམ་གྱིས་དར་བ་རེད། ད་ལྟ་ད་དུང་ཡང་བོད་སྐད་བརྒྱ་ཆ་བརྒྱ་ཐམ་པ་ཡིག་ཐོག་ཏུ་བཀོད་ཚར་མེད། ཡིག་ཐོག་ལ་བཀོད་ཟིན་པ་ཉུང་ཉུང་བོ་དེ་ཡང་གཙོ་ཆེར་ཆོས་ལུགས་ཀྱི་དགོས་མཁོ་སྐོང་བྱེད་དུ་བེད་སྤྱོད་བྱས་པ་རེད། ཆོས་ལུགས་ཀྱི་དགོས་མཁོའི་ཆེད་དུ་དག་སྒྲིག་དང་བཅོས་བསྒྱུར་ཡང་ཡང་བྱས་མཐར་ཆོས་ལུགས་ཀྱི་དགོངས་དོན་མཐའ་དག་མཚོན་པ་ལ་དཀའ་ངལ་མེད་པའི་འཐུས་ཚང་གི་ཡི་གེ་ཞིག་ཏུ་གྲུབ་པ་རེད། ད་དུང་དེ་ལས་གཞན་དུ་མི་འགྱུར་ཆེད་དེར་བསྟུན་ནས་བརྡ་སྤྲོད་ཀྱི་གཞུང་ལུགས་ཀྱང་བརྩམས་པ་རེད། ཡིན་ན་ཡང་། མི་མང་སྤྱི་བྱིངས་ཀྱི་སྐད་དང་། འཇིག་རྟེན་ཉེར་སྤྱོད་ལ་མཁོ་བའི་སྐད་ཆ་དག་ཡིག་ཐོག་ཏུ་འགོད་པ་ལ་འབད་བརྩོན་བྱས་མྱོང་མེད་ལ། བརྒྱ་ལ་ཅུང་ཟད་རེ་འདྲེས་ནའང་བརྡ་རྙིང་དང་ཁ་སྐད་སོགས་སུ་བརྩིས་ཏེ་སྐད་གསར་བཅད་སོགས་ཀྱིས་བཀག་རྒྱ་རིམ་པར་བྱས་པས་ཕམ་ཉེས་སུ་སོང་བ་རེད། དེར་བརྟེན་བོད་ཀྱི་སྐད་དེ་ཡིག་ཐོག་ཏུ་བྲིས་པའི་ཡིག་སྐད་དུ་འགྱུར་ཚད་ཤིན་ཏུ་དལ་བོ་བྱུང་བ་རེད།

   བར་སྐབས་ཤིག་ནས་ཆོས་ལུགས་དར་ཏེ་གྲུབ་མཐའི་རྩོད་པ་བྱུང་བར་བརྟེན་གཞུང་ཚིག་གཅིག་གིས་ཐམས་ཅད་བསྟན་པ་དང་། ཚིགས་བཞི་གཅིག་ལ་ཐམས་ཅད་འདུས་པར་སྒྲུབ་པའི་ལུགས་སྲོལ་ཞིག་དར་ཏེ། ལུགས་སྲོལ་དེའི་དབང་གིས་ད་དུང་ནར་མ་སོན་ཞིང་འཐུས་ཚང་མིན་པའི་བརྡ་སྤྲོད་གཞུང་ལུགས་དེ་སྐྱོན་མེད་དུ་སྒྲུབ་རྒྱུ་ཙམ་མ་གཏོགས་དེར་བཅོས་བསྒྱུར་དང་། འཐུས་ཚང་ཇེ་ལེགས་སུ་གཏོང་རྒྱུ་བློ་ཡུལ་ལའང་ཤར་མེད། 

 དངོས་གནས་བཤད་ན་འཇིག་རྟེན་ཁྱིམ་པའི་ཉེར་སྤྱོད་ཀྱི་སྐད་ཆ་དག་ཡིག་ཐོག་ཏུ་འགོད་ཅི་ཐུབ་བྱེད་དགོས་ལ། དེའི་སྤྱི་སྡོམ་ལྟ་བུའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཀྱང་གསར་གཏོད་བྱེད་དགོས། འདི་ནི་ཡི་གེ་ཞེས་པའི་རི་མོ་འདི་དག་གསར་དུ་གྲུབ་པའི་བརྒྱུད་རིམ་ཡིན། ཡིག་རིགས་ཚང་མ་དེ་ལྟར་གྲུབ་ལ་དེ་ལྟར་འགྲུབ་དགོས་པས་སྨྱུག་ཐོགས་པ་ཚོས་བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་སྐད། དེ་སྔ་ཡིག་ཐོག་ཏུ་འགོད་མ་ཐུབ་པར་ལུས་ཡོད་པ་རྣམས་ཡིག་ཐོག་ཏུ་འགོད་པར་འབད་དགོས་ལ། རང་གི་ཡུལ་སྐད་མ་གཏོགས་མི་གོ་མཁན་ཚོས་ཀྱང་གོ་གི་མི་འདུག་ཅེས་གད་སྙིགས་ནང་གཡུག་རྐྱང་གིས་རང་གི་བློ་གྲོས་ཀྱི་སྒོ་མོར་ལྕགས་ཟྭ་མི་རྒྱག་པར། རང་གིས་བོད་སྐད་ཆ་ཚང་བ་ཞིག་ཤེས་ཀྱི་མེད་པའི་རང་སྐྱོན་ངོས་ལེན་དང་། རང་ཉིད་ཀྱི་བློ་རྒྱ་ཆུང་ལ་ཤེས་བྱ་རྒྱ་ཆེ་བའི་གནས་ལུགས་ཤེས་པར་བྱས་ཏེ། རང་གིས་ལུང་ཚན་གཞན་གྱི་ཡུལ་སྐད་དེ་དག་གོ་བའི་ཆེད་དུ་གཞན་ལ་འདྲི་ཞིང་རང་གིས་བསམ་བློ་བཏང་སྟེ་རང་གི་བློ་གྲོས་ཀྱི་སྒོ་མོ་ཇེ་ཡངས་སུ་གཏོང་བ་ལ་འབད་ནས། ཡུལ་སྐད་ཐམས་ཅད་ཡིག་ཐོག་ལ་བྲིས་ནས་བེད་སྤྱོད་བྱས་ན། ད་གཟོད་བོད་ཀྱི་སྐད་དང་བོད་ཀྱི་ཡི་གེའི་བར་ཐག་ཇེ་ཐུང་དུ་འགྱུར་བ་དང་། བརྡ་ཡིས་མི་འཁྱོངས་པ་དང་། ཐ་སྙད་ཀྱིས་མི་འདང་ཞེས་པའི་སྐད་ངན་དེ་ཡང་འཆོར་མི་དགོས། བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་དང་། ད་ལྟའི་ཆོལ་གསུམ་གྱི་ཡུལ་སྐད་སོ་སོ་བའི་ཁྱད་ཆོས་བྱེ་བྲག་པ་དག་འདྲེས་ནས་སྤྱི་སྐད་ཅིག་ཆགས་ཐུབ། 
  དེ་སྔའི་གསུང་རབ་དང་། བསྟན་བཅོས་དེ་དག་གོ་མི་ཐུབ་པ་ཞིག་ཏུ་གྱུར་མི་འགྲོའམ་ཞེས་པ་དེ་ནི་སེམས་ཁྲལ་བྱེད་ས་གཅིག་བུ་དེ་རེད། དེ་ཡང་དེ་འདྲ་སེམས་ཁྲལ་བྱེད་དགོས་ས་ཞིག་མ་རེད་བསམ། སྔོན་ཆད་ཀྱི་ཡིག་ཐོག་ལ་ཕབས་ཟིན་པ་དེ་ཚོ་བོད་སྐད་ཡིན་ནམ་མིན། ཡིན་ན་དེ་འདྲའི་སྐད་ཆ་དེ་བོད་སྐད་ཀྱི་ཁྲོད་ན་ཡོད་པ་ལོས་ཡིན། དེས་ན་བོད་ཡིག་གི་ཁྱབ་རྒྱ་ཇེ་ཆེར་གྱུར་དུས་དེའི་ཁྲོད་ནས་བོར་འགྲོ་བའི་རྒྱུ་མཚན་ཅི་ཞིག་ཡོད། 
  རྒྱུ་མཚན་དེས་ན་ད་ལྟ་དུས་བབ་ཟིན་བྲིས་སུ་ཡུལ་སྐད་འབྲི་ཚད་ཅུང་མཐོ་བོ་ཆགས་པ་དེ་ཡང་དགའ་བར་འོས་པའི་གནས་ཤིག་རེད་སྙམ། ད་ལྟ་ཨ་མདོའི་ཡུལ་སྐད་འབྲི་མཁན་ཅུང་མང་པོ་འདུག་མོད་མི་རིང་བར་ཁམས་པ་དང་དབུས་པའི་ཡུལ་སྐད་སོགས་ཀྱང་ཡིག་ཐོག་ཏུ་འགོད་ཐུབ་ན་ལེགས། གོ་མི་ཐུབ་པ་བདེན་མོད་ཕན་ཚུན་དྲིས་ཆོག་གི་རེད་ལ་ལན་ཡང་འདེབས་ཆོག་གི་རེད། ཆོལ་ཁའི་འཐེན་འཁྱེར་དང་ནང་ཁུལ་རྙོག་ཟིང་གི་ཐད་ལ་ཨ་འབྱོག་ཀྲོང་ཀྲོང་བྱེད་པར་ངོ་མི་ཚ་བར་གཅིག་གྱུར་མཐུན་ལམ་གྱི་ཆེད་དུ་སྤུན་ཟླ་ལས་ལེགས་ཆ་ལེན་པར་ངོ་གནོངས་དགོས་པ་ཅི་ཡོད། 
  སྤུན་ཟླ་ཚོ། རང་གི་སྐད་ཡིག་ཇེ་ཕྱུག་ཏུ་གཏོང་བར་ཕེབས་དང་། རང་གི་རྒྱལ་ཁབ་སྲ་བརྟན་དུ་གཏོང་བར་འབོད་དང་། མཐུན་སྒྲིལ་ལག་རྡང་གཅིག་ཏུ་སྦྲེལ་ནས་མ་འོངས་པར་འགྲོ། 

འདོན་སྤེལ།: ༢༠༠༩/༠༩/༢༨

 

  • loading
  • #1

    ཟ་ལེ་རྒྱལ། (Tuesday, 29 September 2009 16:46)

    བཀུར་འོས་བའི་དྲ་གྲོགས་རྒྱ་རགས་ལགས། མྱི་སྐད་བཤད་ས་དེ་མྱི་ཡིན་དགོས་ལ་མྱི་དེས་གནས་ལུགས་ཀྱང་གོ་དགོས་བ་རེད། སྐད་ཆ་བཤད་སྐབས་རང་གིས་གང་བཤད་འདོད་པ་དེ་གྲོས་བསྡུར་གྱི་ཚུལ་དུ་རྒྱུ་མཚན་དྲངས་ནས་འདི་ལྟར་བཤད་ན་མྱིའི་སྐད་ཆ་བཤད་སྟངས་རེད། ཡིན་ནའང་མྱི་ལ་ལས་རང་གི་བསམ་ཚུལ་དེ་བསམ་ཚུལ་གྱི་ཚུལ་དུ་མི་བཤད་པར་གྲྭ་ཕྲུག་ཚོས་ཁ་དོག་དཀར་དམར་རྩོད་དུས་ཀྱི་དམ་བཅར་འདུག་སྟངས་བྱས་ཏེ། རང་ཉིད་ལ་བདེན་པ་ཡོད་མེད་ལ་མི་བལྟ་བར་ཚ་དང་འཁོར་གསུམ་ཞེས་བའི་མྱི་ཁ་དེ་འགོག་ཆེད་ཁོ་ནར་དམིགས་ཏེ་ཨུ་ཚུགས་མཐར་སྐྱེལ་བྱེད་ལ། བྱེད་སྟངས་དེས་ཕན་ཚུན་ལ་བསམ་བློ་བརྗེ་རེས་ཀྱི་ལམ་ཁ་ཡོངས་སུ་འགོག་གི་འདུག ང་ཚོས་འདིའི་སྐོར་ནས་སྐད་ཆ་འགའ་ཕར་བཤད་ཚུར་བཤད་བྱས་མྱོངས་མོད། དང་པོ་སྟོན་པས་ཅིག་ཅིག་དང་བླ་མས་ཉིག་ཉིག་ཅེས་སྤྱི་ཚོགས་རྙིང་བའི་སྐད་ཆ་དག་དྲུད་ཡོང་ནས་ཁ་གཅོད་པའི་ཐབས་ཤེས་དང་དེ་ནས་སྐྱག་པ་ཟོ་སོགས་དོན་མེད་ཀྱི་སྐད་ཆ་ཇེ་མང་ལ་སོང་བས་ང་ཚོས་མཚམས་བཞག་པ་ཡིན། དེ་བས་སྐད་ཆ་འདི་སྐྱར་བཤད་བྱེད་འདོད་མེད་མོད། དེ་རིང་ཁྱོད་ཀྱིས་གནས་ལུགས་ཤིག་ཁུར་ཏེ་རྒྱུ་མཚན་ཞིག་རུམ་ནས་འདི་ལྟར་ཡོང་བ་མ་མཐོང་ཁུལ་གྱིས་འདུག་མ་ཐུབ་པས་འཛུམ་ཙམ་བསྟན་པ་ཡིན། མཐའ་ན་ཁྱོད་ཀྱི་བསམ་འཆར་འདིའི་འོག་ལ་ངས་བཀུར་འོས་བའི་ཞེས་ཚིག་གཅིག་བཀོད་པ་དེའང་མི་ལ་ལས་མཐོང་ན་སེམས་ན་གི་རེད། ངས་འདིའི་སྐོར་ལ་རང་གིས་ཤེས་ཚོད་ཀྱི་སྐད་ཆ་ཚིག་འགའ་རང་གི་ཟིན་བྲིས་ནང་ན་བཤད་ཡོད་པས། བལྟ་འདོད་ཡོད་ན་ ཁ་སྐད་བཤད་ཀི་ཤོགས། ཁ་སྐད་དཔྱད་ཀི་ཤོགས། ཟ་ལེ་རྒྱལ་གྱི་མྱི་སྐད་སོགས་ལ་གཟིགས་རོགས། བདེ་མོ་བྱོས། ཚེ་རིང་། བུ་བརྒྱའི་ཨ་ཕ་ཉན་ན།

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།