༅༅།།དཔལ་ལྡན་རང་གཞུང་གི་བོད་མི་དམངས་སྤྱི་འཐུས་རྣམ་པ་ལ་ཕུལ་བའི་སྡུག་གླུ་
བྱེའུ་ཆུང་གྲེ་འགྱུར་གྱི་བརྟན་བཞུགས་ཞེས་བྱ་བ་བཞུགས་སོ།
རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ནས་བཙན་བྱོལ་བོད་གཞུང་གི་ཤར་གཏོང་བརྙན་འཕྲིན་ལ་བལྟས་རྗེས་བཅུད་པར་གཡང་མཁོ་རྒྱལ་མིང་ཙམ་འཛིན་པས་སྙིང་རླུང་སྟོད་དུ་འཚང་བཞིན་གོ་བདེ་ཚུལ་དུ་དམངས་གཙོའི་ཁྲི་སྟེང་ནས་བོད་གཞིས་གཉིས་ཀྱི་མི་དམངས་ལ་དམིགས་ཏེ་སྡུག་གླུ་བྱེའུ་ཆུང་གྲེ་འགྱུར་ལ་དྲངས་ནས་སྤྱི་འཐུས་རྣམ་པར་
བརྟན་བཞུགས་ཀྱིས་ཚུལ་དུ་གླུ་འདི་ལྟར་བླངས་པར་གདའ་འོ།
གཅིག
དམ་ཚིག་གཙང་མའི་ལུས་པོ་གཡར་མ།།
བོད་ཀྱི་བསྟན་སྲུང་མགོན་དཔུང་མཛོད་ཅིག།
གླུ་འདི་ལྟར་མི་ལེན་ཐབས་མེད་རེད།།
ངག་ལྐུགས་པ་ཡིན་ནོ་ལས་དབང་རེད།།
ས་འདི་དང་ས་ངོ་མ་ཤེས་ན།།
གནས་མཆོག་གྱུར་བཞུགས་སྒར་རྡ་ས་རེད།།
བོད་ཁ་འཐོར་འདུག་སའི་ཕ་ས་ཡིན།།
མི་ང་དང་ང་ངོ་མ་ཤེས་ན།།
མི་ཆུང་ཆུང་འབྲོག་བུ་རྫ་སྐྱེས་ཡིན།།
ལོ་བརྒྱད་ལ་རྡ་སར་སྐུང་སྐུང་ནས།།
དོན་འགྲོ་ལུགས་ཙམ་ཡང་མ་ཤེས་བསྡད།།
དུས་དེ་རིང་མི་ཞུ་ཀ་མེད་བྱུང་།།
བོད་གཞིས་བཞུགས་ཡིད་ལ་དྲན་ཐེངས་རེར།།
གླུ་འདི་ལྟར་མི་ལེན་ཐབས་མེད་རེད།།
གཏམ་དོན་རྩ་འཆུགས་ན་ཐོལ་ལོ་གཤགས།།
དོན་ནོར་འཆུགས་བྱུང་ཡང་བཟོད་པར་གྱིས།།
ཚུར་གསོན་དང་སྤྱི་འཐུས་རྣམ་པ་ལགས།།
སྙན་ལན་གཅིག་མ་གཡེང་ཚུར་ལ་གསོན།།
བློ་ཡིད་ཆེས་འཁེལ་བའི་ལག་ཟུང་གཉིས།།
ལུས་རང་ལྕོག་མ་ཐུབ་བྲང་ཁར་ལྷུང་།།
ངག་དབྱངས་རྟ་འགུག་དུས་གླུ་སྐད་ཆད།།
སེམས་སྐྱོ་བའི་མིག་ཆུས་འགྲམ་པ་རླན།།
ནང་སེམས་པ་རྩ་སྐྱ་མེ་ཤོར་འདྲ།།
སེམས་ཨ་ཐང་ཆད་ནས་འདི་ལྟར་ཞུ།།
གཉིས།
ས་དགེ་བཅུ་ཚང་བའི་གངས་ཅན་ཡུལ།།
བོད་ས་ཡ་དྲུག་གི་ཕ་ས་རེད།།
གོང་རྒྱལ་པོས་བསྐྱངས་པའི་རྒྱལ་འབངས་དེ།།
བོད་ཆོལ་གསུམ་ས་ཡ་དྲུག་པོ་ཡིན།།
ལུང་གདམས་པས་ཟིན་པའི་ལྷ་སྡེ་ཡིན།།
ཡབ་མེས་པོའི་ཤུལ་བཞག་ལོ་རྒྱུས་ལ།།
རྒྱ་དམར་པོས་རྡོག་བརྫུས་བྱས་ན་ཡང་།།
དོན་བདེན་པ་རང་བཙན་གཙང་མ་ཡིན།།
སྡུག་རེ་བ་བཅོལ་སའི་རྒྱ་གར་ལ།།
ལོ་ལྔ་བཅུ་འཁོར་བར་བཀའ་དྲིན་ཞུ།།
ཡབ་མེས་པོའི་རིང་གི་ལོ་རྒྱུས་ལས།།
ཡིན་ངེས་པ་ཁྱིམ་མཚེས་རྒྱལ་ཁབ་ཡིན།།
འདི་སྤྱི་ལོ་ལྔ་བཅུ་ལྔ་དགུ་ལོར།།
དགྱ་་ནག་པོའི་གདུག་རྩུབ་དྲག་པོ་ཡིས།།
བོད་ཡོངས་ལ་བཙན་འཛུལ་བྱས་ཉིན་ནས།།
གོང་རྒྱལ་པོ་སྐུ་འཁོར་ལྷན་གཅིག་ཏུ།།
ཡུལ་ངེས་མེད་ས་མཐར་འགྲིམས་དགོས་བྱུང་།།
བོད་སྤྱི་དོན་བསྟན་སྲིད་གཉིས་ཀའི་ཆེད།།
གནས་རྒྱ་གར་ཡུལ་དུ་ཕེབས་པ་ནས།།
དགུང་ཉི་མ་འདྲ་བའི་དབུ་ཁྲིད་ལ།།
སྤྲིན་ནག་པོས་དཀྲིས་གསུམ་བརྒྱབས་ན་ཡང་།།
ཐུགས་མཁྱེན་པ་ཡངས་པའི་མཛད་འཕྲིན་གྱིས།།
བཙན་འོག་ནས་བཞག་པའི་དོན་ཚན་དག།
དོན་བདེན་པ་མིན་ཚུལ་གླིང་བཞིར་བསྒྲགས།།
བོད་རྒྱལ་ཁམས་ཁ་ཐག་རིང་ན་ཡང་།།
ཡུལ་རྒྱ་གར་བྱང་ཕྱོགས་རྡ་ས་ནས།།
ལས་སྤྱི་དོན་སྒྲུབ་སའི་གཞུང་ཞིག་བཙུགས།།
མིང་དོན་ལྡན་གངས་ཅན་སྐྱིད་གཤོངས་རེད།།
བོད་གཞིས་བྱེས་སྤྱི་དོན་བསྒྲུབ་ས་རེད།།
རྒྱ་གཞུང་ལ་འཇིགས་སྣང་སྐུར་ས་རེད།།
ཕྱིའི་རྒྱལ་ཁབ་འབྲེལ་ལམ་འཛུགས་ས་རེད།།
བོད་གཞིས་ལུས་སྤྱི་སྡུག་བསྒྲགས་ས་རེད།།
ཐུགས་ཞིབ་ཏུ་དགོངས་དང་སྤྱི་འཐུས་རྣམས།།
དོན་བདེན་པར་དགོངས་ན་མནོ་བསམ་ཐོངས།།
ཁག་འཇོག་ས་མང་གཙོའི་འགྲོ་ལུགས་རེད།།
དོན་ངོ་མ་ལངས་ཕྱོགས་སོ་སོ་འདྲ།།
བློ་ཐེ་ཚོམ་རྟ་སྤུ་མོག་མོག་འདྲ།།
བརྩི་ཟེར་ན་གྲངས་ཀ་མི་ཤེས་ཀི།
དོན་འཁྲུལ་བ་སོང་ན་ཐོལ་ལོ་གཤགས།།
ལས་དེ་ལྟར་མ་བསྒྲུབ་ཞིབ་འདང་རྒྱོབས།།
དོན་བདེན་པའི་གནས་ལུགས་འཚོལ་བར་འཚལ།།
གསུམ།
གོང་རྒྱལ་པོའི་མཛད་འཕྲིན་བདེན་གཏམ་ལ།།
གླིང་ཀུན་ན་གཞན་གྱིས་ཕུ་དུད་བྱེད།།
དགྱའི་བློ་ངོར་མི་ཤོང་མཛད་འཕྲིན་རྒྱས།།
སྔར་བྱུང་མེད་ལོ་རྒྱུས་གསར་བ་རེད།།
དེ་རྟོགས་ན་རྒྱལ་བོར་བཀུར་སྟི་མཛོད།།
ལམ་དབུ་མས་བདེ་ལམ་མ་རྙེད་ན།།
ཐབས་གཞན་ནས་འཐེན་རྒྱུའི་ལམ་ལ་འབོད།།
ལས་འདི་ལྟར་བསྒྲུབ་ན་དཔའ་རྩལ་ཡིན།།
ཐུགས་ཞིབ་རྒྱས་དགོངས་པ་བཞེས་རོགས་མཛོད།།
དོན་དམ་པའི་དཀའ་གསུང་བསླུ་མེད་དེ།།
ལོ་ལྔ་བཅུའི་རིང་ལ་མ་རྟོགས་སམ།།
གོང་རྒྱལ་པོའི་གསེར་ཞལ་མཇལ་དུས་སུ།།
གཏམ་གོ་བ་ལོན་པའི་ཚུལ་ཞིག་བསྟན།།
དོན་དམ་པའི་ཕྱག་ལས་བསྒྲུབ་སྟངས་འདི།།
གཏམ་གོ་བ་ནོར་འཆུགས་མ་ཡིན་ན།།
ཐབས་ནག་པོ་ཞིག་གི་དཀྲུག་ཤིང་འདྲ།།
དཔུང་ནག་པོ་ཞིག་གི་རྔ་མར་སྣང་།།
དོན་འཁྲུལ་བ་བྱུང་ན་བཟོད་པར་ཞུ།།
བོད་རང་གཞུང་མང་གཙོ་ཀ་བ་གསུམ།།
སྤྱིར་བཤད་ན་བསྟན་སྲིད་སྲོག་ཤིང་རེད།།
ཀ་དང་པོ་མ་འཇིག་བརྟན་ནས་ཡོད།།
ཀ་གཉིས་པ་རུལ་བའི་སྣང་ཚུལ་འདུག།
ཀ་གསུམ་པ་མ་འཇིག་བརྟན་ནས་ཡོད།།
ཐུགས་ཞིབ་ཏུ་སོམས་དང་སྲིད་བློན་ལགས།།
ཐུགས་དགོངས་པ་རྒྱ་ཆེ་བཞེས་རོགས་མཛོད།།
དོན་འཁྲུལ་བ་ཡོད་ན་བཟོད་པར་འཚལ།།
བཞི་པ།
མི་མང་གིས་འདེམས་པའི་སྤྱི་འཐུས་ཚོ།།
བོད་བྱེས་གཞིས་གཉིས་ཀའི་འཐུས་ཚབ་རེད།།
གཞིས་བོད་མིའི་རེ་སྒུག་དམར་པོ་འདི།།
རླུང་མུན་པ་ཞིག་གིས་གཡོགས་ཕོད་དམ།།
བོད་བསྟན་སྲིད་ཉག་ཕྲའི་དུས་སྐབས་འདིར།།
ཐུགས་ཞིབ་ཏུ་སོམས་དང་སྤྱི་འཐུས་རྣམས།།
བོད་ཁ་བའི་ལོ་རྒྱུས་མཇུག་བྱང་དེ།།
དུས་ད་ལྟ་མ་བྲིས་ལྷག་ནས་ཡོད།།
ཐུགས་གཟབ་ནན་བྱ་རྒྱུའི་དུས་ལ་བབ།།
བོད་ཁ་བ་ཅན་གྱི་ཕ་ས་འདི།།
ཁྲག་དམར་པོས་ཁ་མདོག་བསྒྱུར་ནས་ཐལ།།
བུ་དཔའ་རྩལ་ཆེ་ན་ཡུལ་ལ་འགྲོ།།
དགྲ་ནག་པོའི་སོ་བས་སྒུག་ནས་ཡོད།།
བུ་དཔའ་རྩལ་ཆེ་ན་གཏུག་ས་ཡོད།།
སྟག་ངར་མ་ཡོད་ན་མཆོང་ས་ཡོད།།
གཏམ་ཁ་ལྕེ་བདེ་ན་རྩོད་ས་ཡོད།།
དུས་ད་ལྟ་འགྲོ་བའི་དུས་ལ་བབ།།
གངས་རི་རྒྱུད་ཁ་བ་ཞུ་ལ་ཉེ།།
ཡུལ་ཕ་སའི་ཆགས་འཇིག་ཉམས་ནས་ཡོད།།
བོད་རྒྱལ་ས་ལྷ་ས་འཇིག་བཞིན་ཡོད།།
རྒྱ་ནག་པོའི་ཧམ་པས་འཆའ་བཞིན་ཡོད།།
དུང་ཟླ་བ་དཀར་པོ་སྤྲིན་གྱིས་བསྒྲིབས།།
ཡུལ་ངེས་མེད་མཚམས་ན་སྦས་ནས་ཡོད།།
ནང་ཕུ་ནུ་མང་པོས་དམྱལ་བ་མྱངས།།
གཏམ་གོ་རིམ་ཡོད་ན་དགྱ་ལ་ཤོད།།
བློ་གཟུ་བོ་ཡོད་ན་གཟབ་རན་རེད།།
དགྱ་གུང་ཁྲན་དུག་གི་མེ་ལྕེ་ཡིན།།
ཕྱོགས་གང་ནས་བསྲེགས་འགྲོ་མི་ཤེས་ཀི།།
གཏམ་གོ་བ་ལོན་ན་ཉན་ཡག་བྱོས།།
དོན་ཨ་ལན་ཡོད་ན་དགྱ་ལ་ཤོད།།
དེ་མིན་ན་སྤྱི་དོན་རབ་རིབ་རེད།།
ལྔ།
བོད་ཆོལ་ཁ་གསུམ་གྱི་ཞིང་ཁམས་ན།།
སེང་དཀར་མོའི་གཡུ་རལ་རྒས་མེད་ཡིན།།
རེ་སྒུག་གི་མིག་ཟུང་ཅེར་ནས་ཡོད།།
བོད་ས་ཡ་དྲུག་གི་འཐུས་ཚབ་རྣམས།།
བུ་དཔའ་བོ་ཡོད་ན་ལྷང་ལ་བུད།།
སྟག་ངར་མ་འདྲ་བའི་འགོ་ཞིག་ཁྲིད།།
ཝ་མཇུག་མ་རིང་ཡང་རྗེས་ཤུལ་འདེད།།
འཇིག་ནག་པོའི་གོ་བ་མི་ཤེས་ཀི།
རྐུབ་ཨོང་སྟེགས་གདེང་ཚོད་མི་ལོན་ཀི།
ལས་དེ་ལྟར་མ་བསྒྲུབ་བཟོད་སྒོམ་གྱིས།།
དཔའ་གདེང་ཚོད་མེད་ན་སྡར་མ་རེད།།
གཞིས་བོད་མིས་ཐོས་ན་ཞབས་འདྲེན་རེད། །
ནང་བསྟན་སྲིད་གྲི་ཁ་སོ་ཁ་རེད།།
བོད་སྤྱི་དོན་བྱ་སྤུ་རླུང་ཁུར་འདྲ།།
ཕྱོགས་གང་ལ་ཁུར་འགྲོ་མི་ཤེས་ཀི།
ལོ་ན་ནིང་རྡོ་རིང་བཞེངས་ནོ་འདི།།
བོད་གཞིས་བཞུགས་ཕུ་ནུའི་དཔའ་རྟགས་རེད།།
སྔར་བྱུང་མེད་ལོ་རྒྱུས་གསར་བ་རེད། །
དེ་ཨེ་རེད་རྣམ་པས་དགོངས་པ་བཞེས།།
རེད་བསམ་ན་བདེན་པའི་ལས་དོན་སྒྲུབས།།
དྲུག་པ།
དུས་ད་ལོའི་སྤྱི་འཐུས་གྲོས་ཚོགས་འདི།།
གཏམ་འགོ་མ་གླེང་དུས་སྤྱི་དོན་རེད།།
གཏམ་བར་མ་གླེང་དུས་སྒམ་ཚུགས་བསྟན།།
གཏམ་རྗེས་མ་གླེང་དུས་ཁ་ཁར་འཐོར།།
དུས་ངེས་མེད་བར་ལ་གྲོས་མཚམས་བཞག།
ཐབས་ངན་པ་ཞིག་གིས་ས་ཡིག་བསྡུས།།
ཁག་འཇོག་ས་ཁ་དཀར་རྐྱང་ལ་བཀལ།།
དོན་དམ་པས་བྲེ་སེར་འབྲོང་ཤར་རྔམས།།
ལོ་ད་ལོའི་གྲོས་ཚོགས་གཏམ་ངན་འདི།།
རླུང་ནག་པོས་ཕྱོགས་གཞིར་ཁུར་ནས་ཐལ།།
དོན་ངོ་མར་ཞབས་འདྲེན་བྱས་ནས་ཐལ།།
དེ་ཡིན་ཡང་ད་དུང་ཐུགས་སེམས་བཞེས།།
ཤིང་འཛེར་མེད་རྒྱ་རྫོང་ནགས་ན་དཀོན།།
མི་སྐྱོན་མེད་འཛམ་བུའི་གླིང་ན་དཀོན།།
ཐུགས་ཞིབ་གཟིགས་གནང་བའི་དུས་ལ་བབ།།
བོད་གཞིས་བཞུགས་སྐྱབས་མེད་མགོན་མེད་རེད།།
དགྱ་ནག་པོའི་དབང་བསྒྱུར་ཇེ་ངར་རེད།།
འདུག་རང་དབང་མེད་པའི་བཙན་འོག་ནས།།
བོད་གཞིས་བཞུགས་དཔུང་བ་མཉམ་གཤིབ་རེད།།
བློ་འགྱུར་མེད་དམ་ཚིག་གཙང་མ་རེད།།
སེམས་སྤོབས་པའི་ཆུ་བོ་མཉམ་བཞུར་འདྲ།།
སེང་དཀར་མོ་ཅན་གྱི་དར་ཆ་འདི།།
བོད་རྒྱལ་ཁམས་ཕྱོགས་གཞིར་བསྒྲེངས་ནོ་འདི།།
བོད་སྤྱི་དོན་བསྒྲུབས་པའི་ལོ་རྒྱུས་རེད།།
ཁྲག་དམར་པོ་ཞིག་གིས་བྲིས་ནི་རེད།།
དོན་ཆེ་བཞེས་གཙུག་ཏུ་བཀུར་ན་ལེགས།།
བོད་ཆོལ་གསུམ་མཐུན་སྒྲིལ་དཔུང་རྡང་འདི།།
ལས་དམ་ལྷོད་མེད་པ་གཞིས་བཞུགས་རེད།།
ངག་འཁྲུལ་བར་སོང་ན་ཐོལ་ལོ་གཤགས།།
སེམས་བསམ་པའི་སྟེང་གི་བརྟན་བཞུགས་ཡིན། །
དོན་དམ་པ་རླུང་ལ་མི་སྐུར་རོགས།།
དེ་མ་བརྗེད་སྤྱི་འཐུས་རྣམ་པ་ཚོ།།
འཛོམས་ཀྱི་ལེ་གངས་ཅན་སྐྱིད་གཤོངས་ནས།།
གྲལ་འགྲིག་གེ་སྤྱི་བའི་གྲོས་ཆོད་ཅིག།
དུས་མི་རིང་མྱུར་དུ་བསྒྲུབ་པར་འཚལ།།
བོད་གཞིས་བྱེས་གཉིས་ཀའི་རེ་བ་ཡིན།།
གླུ་གོ་ན་སྙན་གྱི་བདུད་རྩི་བྱོས།།
དོན་མ་གོ་གླུ་ལ་འགྲེལ་བཤད་མེད།།
༢༠༠༩ལོའི་ཟླ་བ༩པའི་ཚེས་༢༣་ལ་རྡ་རམ་ས་ལར་བྲིས་པ་དགེའོ།
