གྲྭ་བའི་དུང་བརྗོད་སྙན་ངག་གི་རྒྱལ་བོ།

སྒྲོལ་དཀར་མཚོ།   གཅིག

ལྡོང་ཆུ་ཤེལ་ནས།

 

ད་ལྟ་མིག་གིས་མཐོང་ཚད་ལ་ཁ་དོག་བྲལ་ན་ཡང

ཞེན་ཆགས་ལྕི་མོས་ཁྱོད་ཉིད་བསམ་ཤིང

ཁྱོད་ཉིད་བསམ་ཏེ་མིག་ཟུང་གཏན་ནས་བཙུམ་མ་འདོད

སྒྲོལ་དཀར་མཚོ

ལག་ཟུང་ཀློད་ནས་མགོ་བོ་འཁྱོགས་དང

སྟེས་དབང་མིན་པའི་སྐར་མདའ་ཞིག

ཁྱོད་ཀྱི་ཁང་མིག་ཏུ་ལྷུང་བ་ཨེ་ཚོར

བརྩེ་ཞེན་གྱིས་ཟླུམ་པོར་འཚེར་བ་མཐོང་ངམ

སྒྲོལ་དཀར་མཚོ

དགོང་མོ་དེར

ཁྱོད་ཀྱིས་མགོ་བོ་སྒུར་ནས་ཅི་ཙམ་འགོར

མིག་ཆུ་དང་སྡུག་བསྔལ་གྱི་གླེང་བརྗོད་ཤམ་ཤམ

སྐྲ་ལོ་ཧ་ཅང་སྣུམ་པ་ངའི་ཆེད་དུ་ཡིན་ན

ངའི་སྦྲང་རྩིས་བརླམ་པའི་སེམས་པ་འདི་གང་ལ་འཇོག

སྒྲོལ་དཀར་མཚོ

ཚོར་ཤེས་ཀྱིས་བཏེགས་པའི་བེམ་རོའི་ཚོགས

ཡུལ་ལྗོགས་གང་རུང་དུ་ངུ་བ་སུ་ཡིས་མཐོང

འོ་ན མིག་ཆུ་དྭངས་མོ་འདི

སེམས་འགུལ་ལྷད་མེད་ཅིག་གི་མཚོན་བྱེད་ཡིན་ནམ

སྒྲོལ་དགར་མཚོ

ངའི་གསེར་མདོག་གི་དུས་ཚིགས

ངའི་འཇིག་རྟེན་གྱི་ཕྱེད་ཀ

ངའི་མིག་ཟུང་བཙུམ་མ་འདོད་པའང་ཁྱོད་ཀྱི་ཆེད

སྒྲོལ་དཀར་མཚོ

ངས་འདི་ལྟར་ཡུན་རིང་ཞིག་ལ་གསོལ་འདབས་བྱས་ཀྱང

ཚིག་འབྲུ་རློམ་ཤ་ཅན་ཞིག་གི་བཀྲག་མདངས་མ་མཐོང་བ

ངའི་ལག་མཐིལ་བསེར་བུའི་རྒྱུ་ལམ་ཡིན་པས་ཉེས་སམ

སུ་ཞིག་གི་ཕྱིར་དུ་ཕམ་པའམ

གྱོང་གུད་དུ་སོང་བའི་ངོ་གདོང་ཟད་པོ་དེས་ལན་ནམ

སྒྲོལ་དཀར་མཚོ

རྡོ་བའི་མེ་ཏོག་གི་ཟེའུ་འབྲུ་བསྒྲིག་དགོས་ཚེ

གནས་འདིར ཁྲག་དྲོན་གྱིས་དམར་བའི་གཏམ་རྒྱུད་ཅིག

དབང་མེད་དུ་བསྐྱུར་ནས་འགྲོ་དགོས

སྒྲོལ་དཀར་མཚོ

 

ཁྱོད་ཀྱིས་དྲང་མོར་ཤོད

ཁྱོད་ཀྱི་རྨི་ལམ་ན་འགྱུ་བའི་ཁ་བཏགས་ཀྱི་སྣེ་མོ་གང་དུ་ཡོད

ཁྱོད་ཀྱིས་ལོ་ཟླ་བགྲང་བའི་ཤུགས་རིང་དེ་སུ་ཡི་ཆེད

སྒྲོལ་དཀར་མཚོ

གང་ལྟར་ནོར་འཁྲུལ་དང་མཛེས་སྡུག་གི་བར་མཚམས་ན

ངས་རལ་གྲི་ལྟ་བུའི་སྨྱུ་གུ་འཆང་བཞིན་ཡོད་པས

ངའི་སྙན་ངག་གི་འཇིག་རྟེན་ནས

ཁྱོད་གཏན་ནས་འབྲོ་ས་མེད

སྒྲོལ་དཀར་མཚོ


  • loading