ཀ་ཁ་ག་ངའི་སྐུ་ཚེ་བརྟན་པར་ཤོགས།
༡
ལྷ་ཀླུ་གཉན་གྱི་ནང་འཛིན་བོད་པ་ཡིན།
མགོ་ནག་བོད་པའི་ནང་འཛིན་དམ་ཆོས་ཡིན།
དམ་པའི་ཆོས་ཀྱི་ནང་འཛིན་ཀ་ཁ་ཡིན།
ཀ་ཁ་ག་ངའི་སྐུ་ཚེ་བརྟན་པར་ཤོགས།
ས་སྒང་མཐོན་པོའི་ནང་འཛིན་བོད་པ་ཡིན།
མགོ་ནག་བོད་པའི་ནང་འཛིན་བོད་སྐད་ཡིན།
བོད་སྐད་གཙང་མའི་ནང་འཛིན་ཀ་ཁ་ཡིན
ཀ་ཁ་ག་ངའི་སྐུ་ཚེ་བརྟན་པར་ཤོགས།
༢
ཁམས་པའི་བུ་མོ་སྡོང་མགོའི་སིལ་ཏོག་འདྲ།
ཁ་ཚིག་སྙན་མོ་ཁུ་བྱུག་སྔོན་མོ་འདྲ།
རྣ་དང་མིག་ལ་ཐོབས་པའི་བདེ་བ་འདི།
ཀ་སྣ་སུམ་ཅུ་ཤེས་བའི་བཀའ་དྲིན་ཡིན།
ཀ་ཁ་ག་ངའི་སྐུ་ཚེ་བརྟན་པར་ཤོགས།
ལྷ་སའི་བུ་མོ་རྨ་བྱ་སྔོན་མོ་འདྲ།
གུས་ཚིག་སྙན་མོ་མར་ཁུ་སེར་པོ་འདྲ།
རྣ་དང་མིག་ལ་དབང་བའི་བསོད་ནམས་འདི།
ཀ་སྣ་སུམ་ཅུ་ཤེས་བའི་བཀའ་དྲིན་ཡིན།
ཀ་ཁ་ག་ངའི་སྐུ་ཚེ་བརྟན་པར་ཤོགས།
ཨ་མདོའི་བུ་མོ་རི་དྭགས་རྨས་མ་འདྲ།
སེམས་གཏམ་དྲོན་མོ་བདུད་རྩི་བསིལ་མ་འདྲ།
རྣ་དང་མིག་ལ་རེག་པའི་བགོ་སྐལ་འདི།
ཀ་སྣ་སུམ་ཅུ་ཤེས་བའི་བཀའ་དྲིན་ཡིན།
ཀ་ཁ་ག་ངའི་སྐུ་ཚེ་བརྟན་པར་ཤོགས།

