གངས་དཀར་བོའི་ཕ་རོལ་ན།

བོད་ལ་རང་དབང་འཐོབ་ཀི་རེད་ཅེས་རིག་རིག་ཚང་མར་བཤད་ནི་རེད།།

༧ཡིད་བཞིན་ནོར་བུ་ཕེབས་ཀི་རེད་ཅེས་དགའ་ནས་གནམ་ལ་ལྡིང་ནི་རེད།།

ཨ་མའི་ལོ་ལོ་ཡོང་གི་ཡོད་ཅེས་ཉི་མ་རྟག་པར་བལྟས་ནི་རེད།།

ལུག་ཐོ་ཞིག་གི་མཆུ་ལུ་བསྡམ་ཡང་ཤ་སྐལ་ཚིལ་སྐལ་བཞག་ནི་རེད།།

གངས་རི་དཀར་བོའི་ཕ་རོལ་ན།

གསར་འགྱུར་ལྡོམ་པོས་སེམས་ཁམས་ཀྲུགས་ཏེ་མིག་ཆུ་རྟག་ཏུ་བཞུར་ནི་རེད།།

རི་མགོ་མཐོན་པོའི་རྩེ་ལ་འགོས་ཏེ་ནུབ་རིའི་ཕྱོགས་སུ་བལྟས་ནི་རེད།།

ང་ཡི་བུ་ཆུང་གན་ན་ཡོད་ཅེས་སྐད་ཤུགས་ཆེན་པོས་བོས་ནི་རེད།།

ཨ་མའི་ལོ་ལོས་སྲ་ལ་བྱོས་ཞེས་ནམ་མཁའི་དབྱངས་སུ་བཤད་ནི་རེད།།

གངས་རི་དཀར་བོའི་ཕ་རོལ་ན།

དཔྱིད་ཟླ་མགོ་མའི་ཁུ་བྱུག་གྲགས་ན་སེམས་པ་ལྷག་ཏུ་སྡུག་ནི་རེད།།

རྒྱ་བྱ་ཁུ་ལོའི་རང་དབང་མཐོང་ནས་མིག་མཐའ་མཆི་མས་བསྐོར་ནི་རེད།།

མཆན་ཁུང་ནང་ནས་གཤོག་པ་སྐྱེས་བའི་གསོལ་བ་སྙིང་ནས་བཏབ་ནི་རེད།།

རྒྱ་གར་ཡུལ་ལ་འཕུར་རྒྱུ་བྱུང་ན་ཇི་འདྲ་སྐྱིད་ལ་བསམ་ནི་རེད།།

གངས་རི་དཀར་བོའི་ཕ་རོལ་ན།

མགོ་སེར་མགྲོན་པོའི་འགྲོ་ལམ་བཀག་ནས་བུ་ཡི་འདྲ་པར་བསྟན་ནི་རེད།།

ཁ་དང་ལག་པས་རྣམ་འགྱུར་བསྟན་ཏེ་མཐོང་མྱོང་ཡོད་མེད་དྲིས་ནི་རེད།།

༧རྒྱལ་བ་ཏྭ་ལེ་བླ་མ་ཟེར་བཞིན་ལག་པ་ཐལ་མོ་སྦྱར་ནི་རེད།།

སྐད་ཀྱི་དཀའ་ངལ་ཆེན་པོར་ཐུག་ནས་མིག་ཆུས་འགྲེལ་བཤད་བྱས་ནི་རེད།།

གངས་རི་དཀར་བོའི་ཕ་རོལ་ན།

༧རྒྱལ་བའི་གསུང་ཆོས་ཐོས་རབས་གོ་ཏེ་སེམས་པ་དགའ་ནས་ངུས་ནི་རེད།།
འབྲས་དང་རྡ་ལི་ཟས་རབས་གོ་ནས་སྙིང་ལ་ན་ཟུག་སྐྱེས་ནི་རེད།།
ལ་ལས་བསོ་རབས་སྐྱིད་རབས་བཤད་པས་མ་ནི་ལྷོད་ཀྱིས་བཏོན་ནི་རེད།།
རེས་འགས་སྡུག་རབས་དཀའ་རབས་བཤད་པས་གསོལ་བ་ཤུགས་ཀྱིས་བཏབ་ནི་རེད།

གངས་རི་དཀར་བོའི་ཕ་རོལ་ན།

ཨ་མའི་གཅེས་ཕྲུག་གང་ན་ཡོད་ཅེས་ཡི་གེ་ཐེངས་མང་བསྐུར་ནི་རེད།།

ཁ་པར་ནང་ནས་ཁ་བརྡ་བྱེད་སྐབས་ནམ་ཡོང་ཉི་མ་དྲིས་ནི་རེད།།
༧ཡིད་བཞིན་ནོར་བུ
འི་གསུང་ལ་ཉོན་ཞེས་ཁ་ལ་སློབ་གསོ་བྱས་ནི་རེད།།
ཨ་མ་མི་འཆི་ད་དུང་འདུག་ཅེས་བུ་ལ་སེམས་ཤུགས་སྤར་ནི་རེད།།

གངས་རི་དཀར་བོའི་ཕ་རོལ་ན།

ངོ་ཚ་ཅན་གྱི་བུ་ཞིག་ཡིན་ན་བཤད་རྒྱུ་ཅུང་ཙམ་དགོས་ནི་རེད།།
ཁྲེལ་གཞུང་ཅན་གྱི་བུ་ཞིག་ཡིན་ན་བརྩོན་པ་ཅུང་ཙམ་བྱེད་ནི་རེད།།
ཤེས་ཡོན་ཅན་གྱི་བུ་ཞིག་ཡིན་ན་ཡོང་དོན་ཅུང་ཙམ་ཡོད་ནི་རེད།།
ཅི་ཡང་མེད་པའི་བུ་ཞིག་ཡིན་ཡང་ཨ་མ་གཡུག་དོན་ཤེས་ནི་རེད།།

  • loading