བུ་ཆུང་ནེ་ཁོ་ལའི་གཏམ་རྒྱུད།
ཟ་ལེ་རྒྱས་ཧྥ་ཡིག་ནས་བསྒྱུར།
རྨོ་རྨོ།
ཨ་མས་མོ་རང་གི་ཨ་མ་འདིར་ཡོང་ནས་ཉིན་འགར་འདུག་རྒྱུ་རེད་ཅེས་པས་ང་རང་ཤིན་ཏུ་དགའ་སྤྲོ་སྐྱེས། ང་རང་རྨོ་རྨོ་ལགས་ལ་དགའ་བོ་ཡོད། མོས་ང་ལ་ཅ་ལག་མང་པོ་སྟེར་མྱོངས་ཤིང་། ངའི་བཅའ་སྟངས་ལས་སྟངས་ཚང་མས་མོ་ལ་དགོད་ཁ་སློང་། ད་དུང་མོས་བཤད་ན་ང་རང་རྩེད་ལ་དགའ་ཤིང་དགོད་ལ་སྤྲོ་བ། རྣམ་རིག་གསལ་བ་བཅས་ཀྱིས་ངའི་ཨ་མ་ལོ་ན་ཆུང་དུས་དང་འདྲ་བོ་འདུག་ཟེར།
རྨོ་རྨོ་ཡོང་རྒྱུ་ཡིན་པའི་སྐད་ཆ་དེ་གོ་ནས་ཨ་ཕར་ཡང་དགའ་སྤྲོ་སྐྱེས། ཁོས་བཟང་གི གསར་འགྱུར་སོ་མ་རེད། ཨོ། ངོ་མ་བཟང་གི རྒྱལ་ཁ་ཐོབས་འདུག བཟང་གི་ཟེར། དྲང་མོར་བཤད་ན་ཨ་ཕར་དེ་འདྲའི་དགའ་སྤྲོ་སྐྱེས་བར་ང་རང་ཡ་མཚན་ཅུང་ཙམ་སྐྱེས། ཁོ་གཉིས་མཉམ་འཛོམས་བྱུང་ཐེངས་རེར་ཁ་རྩོད་ཐུང་ཐུང་རེ་རྒྱུན་ཆད་མེད་ཀྱང་། ངས་ཁྱིམ་མཚེས་སྐུ་ཞབས་ཟླ་བ་དང་ངའི་ཨ་ཕ་གཉིས་ཀའི་ཀུ་རེ་ནང་བཞིན་གད་མོ་དགོད་པ་ཙམ་གྱི་ཆེད་དུ་ཡིན་པའི་ཡིད་ཆེས་བྱས།
དགོང་མོ་དེར་རྨོ་རྨོ་བསླེབས་སོང་། མོས་སྒོ་ཆེན་དྲིལ་བུ་བརྡུང་བ་མ་ཐག་ཨ་མ་དང་ངེད་གཉིས་མོར་སྣེ་ལེན་བྱེད་དུ་ཕྱིན། མོས་ཁུག་མ་ཆེན་པོ་ཞིག་ཁུར་ནས་བསླེབས་སོང་། རྨོ་རྨོས་ཨ་མར་འོ་བྱེད་བཞིན་ངའི་བུ་མོ། ཁྱོད་མཐོང་བས་ང་རང་དགའ་སྤྲོའི་ཚོར་བས་གང་སར་ཁྱབས་སོང་ཟེར། དེ་ནས་རྨོ་རྨོས་ང་རང་པང་ལ་ཉར་ཏེ་ངོ་གདོང་གང་སར་འོ་བྱེད་བཞིན། ད་ནི་ཁྱོད་རང་ཆེན་པོ་འཚར་འདུག ད་ནི་ཁྱོད་རང་ཕོ་གསར་ཞིག་རེད། ཡིན་ནའང་ད་དུང་ངའི་ལོ་ལོ་ཡིན་ཟེར། ཨ་ཕས་ཚགས་པར་ལག་ལ་བཟུང་སྟེ་རྨོ་རྨོའི་ཉེ་སར་བསླེབས་པས་མོས་འགྲམ་པ་གླན་ཙམ་བྱས་ནས། ཨོ། མག་པ་བདེ་མོ་ཡིན་ནམ་ཞེས་པས། ཨ་ཕས་ཀྱང་ཨ་ནེ་བཀྲ་ཤིས་བདེ་ལེགས་ཟེར། ངས་རྨོ་རྨོར་སྐོར་བ་རྒྱག་བཞིན་མོའི་ཁུག་མ་ཆེན་པོ་དེར་ཡང་ཡང་བལྟས། རྨོ་རྨོ་ཡོང་ཐེངས་རེར་མོའི་ཁུག་མའི་ནང་དུ་ང་ལ་རྔན་པ་མང་པོ་ཡོད། ངས་རྨོ་རྨོ་ལགས། ཁྱོད་ཀྱིས་ང་ལ་རྔན་པ་ཅི་ཞིག་ཁྱེར་ཡོང་བ་ཡིན་ཞེས་པས། ཨ་ཕས་སྡང་མིག་གིས་ལྟ་བཞིན། ནེ་ཁོ་ལ། སྤྱོད་པ་ལ་ལྟོས་དང་། ཁྱོད་ལ་འདི་འདྲའི་གུས་ལུགས་མི་ཤེས་བའི་བྱ་སྤྱོད་ཅིག་སུས་བསླབས་ཟེར།
རྨོ་རྨོས་ལམ་སེང་། ཨོ། ཁོ་ལ་དེ་འདྲ་མ་ཟེར། ངའི་གཅེས་ཕྲུག་འདི་གཅེས་ལངས་ལ་ཅུང་ཙམ་གཏོང་ལོས་དགོས་ཞེས་པས། ཨ་ཕས་ཨ་ལ་ལ། ཁྱོད་རང་ཡོང་ཐེངས་རེར་ནེ་ཁོ་ལ་གཅེས་ལངས་ལ་གཏོང་གིན་འདུག་ཟེར།
རྨོ་རྨོས་ཁུག་མ་ཆེན་པོ་དེའི་ནང་ནས་སྒམ་ཆུང་ཞིག་ལེན་བཞིན། ངའི་གཅེས་ཕྲུག་ཁྱོད་འདི་ལ་དགའ་བོ་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ཟེར། སྒམ་ཆུང་དེའི་ཁ་ཕྱེས་རྒྱུར་དུས་ཚོད་མང་པོ་དགོས། མོས་སྒམ་ཆུང་ལ་ཕྱི་ཐུམ་དང་ནང་ཐུམ་བརྒྱབས་ཡོད་པ་མ་ཟད། སྐུད་པའི་མདུད་ཁ་སྲ་མོ་རེད། ང་རང་བྲེལ་འཚུབ་ལང་ནས་ལུས་འདར་རྒྱག་བཞིན་འདུག སྒམ་ཆུང་དེའི་ནང་ན་ཅི་ཞིག་ཡོད་མེད་ཁྱོད་ཚོས་ཚོད་དཔག་བྱེད་ག་ལ་ཐུབ། དེ་ནི་གནམ་གྲུ་ཞིག་རེད། གནམ་གྲུ་ངོ་མ་ཞིག་རེད། གཤོག་པའི་སྟེང་ན་ལྷུ་ལག་མང་པོ་འདུག་ལ་རླུང་འཁོར་ཞིག་ཀྱང་འདུག ཨ་མས་ང་ལ་ནེ་ཁོ་ལ། ཁྱོད་ཀྱིས་ཅི་ཞིག་ཟེར་དགོས་བ་རེད་ཅེས་པས། ངས་ང་ལ་འདི་འདྲའི་རྔན་པ་ཆེན་པོ་ཞིག་རེག་མྱོང་མེད། ངོ་མ་ཆེན་པོ་འདུག་ཅེས་པས། རྨོ་རྨོ་གད་མོ་དགོད་བཞིན་ཁྱོད་རང་ངོ་མ་སྙིང་རྗེ་བོ་འདུག་ཅེས་ང་ལ་ཡང་བསྐྱར་འོ་བྱས།
ངས་གནམ་གྲུ་བསྐོར་ཏེ་མགྲོན་ཁྱིམ་ནང་ནས་རྩེད་མོ་བརྩེས། ངས་ཝུ་ཝུ་ཝུ་ཝུ་ཟེར་བཞིན་ཡར་རྒྱུག་མར་རྒྱུག་བྱས་པས། ཨ་ཕས་འབོག་གདན་སྟེང་ནས་ཚགས་པར་ཀློག་མཚམས་བཞག་ཏེ། ནེ་ཁོ་ལ། རྩེད་ཆས་ལ་བདག་གཉེར་བྱོས། ད་ནི་སློབ་གྲྭའི་ནང་སྦྱོང་འབྲི་རུ་སོང་ཟེར།
རྨོ་རྨོས་ཡང་བསྐྱར། ཨོ། དེ་འདྲ་མ་ཟེར། རྩེད་མོ་ཅུང་ཙམ་རྩེ་རུ་ཆུགས། མཚམས་མཚམས་ལ་རྩེད་མོ་རྩེ་ལོས་དགོས། ཨོ། ངའི་གཅེས་ཕྲུག་འདི་ཟེར།
ཡང་ཨ་ཕས། ཨེ། ཁྱོད་ཚོས་འདི་ལྟར་ཁོའི་དུས་ཚོད་འཕྲོ་བརླག་ལ་བཏང་ན་ཁོ་ཆེན་པོ་ཆགས་དུས་ག་རེ་བྱེད་དགོས་བ་རེད་ཅེས་པས། རྨོ་རྨོས་ཁོ་ཆེན་པོ་ཆགས་ན་སུ་ཞིག་གི་མག་པ་ཆགས་ཀྱི་ཡིན་པ་གཏན་འཁེལ་རེད་ཟེར།
ཨ་མས་ཇ་ཕོར་གཉིས་འདེག་ཁྲི་ཞིག་གི་སྒང་ལ་བཞག་ནས་མགྲོན་ཁྱིམ་ནང་ལ་བསླེབས་སོང་། རྨོ་རྨོ་དང་ཨ་ཕ་གཉིས་མཉམ་དུ་ཡུན་རིང་བོར་བཞག་ཚེ་ཨ་མས་དེ་ལ་སེམས་ཁུར་བྱེད་བཞིན་འདུག ཕལ་ཆེར་ཁོ་གཉིས་ཀའི་ཁ་རྩོད་དེའི་དབང་གིས་ཡིན་ངེས། ཨ་མས་ཇ་དང་མཉམ་དུ་གོ་རེ་མངར་མོ་དུམ་བུ་འགའ་བཞག་འདུག་ལ། དེ་ནི་མངར་མོ་སྣ་འཛོམས་ཀྱི་གོ་རེ་ཞིག་དང་འདྲ་བས་ཤིན་ཏུ་ཞིམ་པོ་འདུག ངས་ཨ་མར་ཡང་བསྐྱར་གོ་རེ་ཤར་མོ་ཞིག་སྟེར་བའི་རེ་བ་ཞུས་ཀྱང་ཨ་མས་དེ་ལ་ངོས་ལེན་བྱས་མ་སོང་། ངས་རང་གི་གནམ་གྲུ་བླངས་ནས་རྩེད་མོ་རྩེས།
རྨོ་རྨོས། ཨོ། དེ་འདྲ་མ་བྱེད། ཁོ་ལ་གོ་རེ་ཤར་མོ་གཉིས་ཙམ་སྤྲད་ན་ཅི་སྐྱོན་ཞེས་པས། ཨ་ཕས་རྨོ་རྨོར་ལྟ་བཞིན་གདོང་མདོག་དམར་པོར་གྱུར། ཨ་མས་ལམ་སེང་གོ་རེ་མངར་མོ་ཞིག་ང་ལ་སྟེར་བཞིན་རང་གི་ཉལ་ཁང་ནང་ལ་རྩེད་མོ་རྩེ་རུ་རྒྱུགས་ཟེར།
རྨོ་རྨོས་མགོ་གཡུག་བཞིན་ང་རང་གི་ཚ་བོ་གཅིག་པུར་ནམ་རྒྱུན་ཐུག་མི་ཐུབ་ནའང་། ང་ལན་གཅིག་ཡོང་ན་འདི་ལྟར་ང་སླེབ་པ་དང་ཁོའི་ཉལ་ཁང་ལ་འཇུག་དོན་ཅི་ཡིན་ནམ་ཟེར།
ཨ་མས་ཨོ། ཨ་མ། ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད་ཟེར་ལ་ཨ་ཕས་མོ་ལ་བཤད་དུ་ཆུགས། མོས་བསམ་གཟས་ནས་བཤད་ཀྱིན་པ་མི་ཤེས་སམ་ཟེར། ཨ་མས་ཡང་བསྐྱར་ཨ་ཕའི་ཁ་འགོག་བཞིན། ཁྱོད་ཀྱིས་ང་ལ་དམ་བཅས་བ་བརྗེད་སོང་ངམ་ཟེར།
དེ་ནས་རྨོ་རྨོས་ང་ནི་རྒན་མོ་ལོ་ལོ་ཞིག་ཡིན་པས་སུས་ཀྱང་འཆམ་པོ་བྱེད་མི་འདོད་པ་ངས་ཤེས་ཀྱིན་ཡོད། ང་རང་ཕྱིར་ལོག་གི་ཡིན། ང་རང་འདི་རུ་གཏན་ནས་མི་ཡོང་ཟེར། ཨ་མ་དང་རྨོ་རྨོ་གཉིས་གཅིག་གཅིག་ལ་འཐམ་ནས་ངུ་བཞིན་འདུག་ལ། ཨ་ཕ་ཁོའི་ཉལ་ཁང་ནང་ལ་ཕྱིན་སོང་བས་ངས་ཡང་བསྐྱར་གོ་རེ་མངར་མོ་ཞིག་བླངས་བ་ཡིན། རྨོ་རྨོ་དང་ཨ་མ་གཉིས་ཀས་ངུ་མཚམས་བཞག་ཏེ་ཨ་མ་ཐབ་ཚང་ནང་ལ་དགོང་ཟས་ལེན་དུ་ཕྱིན་སོང་། ང་རང་རྨོ་རྨོ་དང་མཉམ་དུ་བསྡད་པས་མོས་ང་རང་པུས་མོའི་སྟེང་དུ་བླངས་ཤིང་ངའི་གནམ་གྲུ་མདུན་ཅོག་སྟེང་དུ་འཇོག་ཆོག་པའི་ཁས་ལེན་གནངས། རྨོ་རྨོས་ང་ལ་སློབ་གྲྭར་སློབ་སྦྱོང་ལ་འབད་པ་བྱེད་ཀྱིན་ཡོད་མེད་དང་། དགེ་རྒན་གྱི་ཁ་ལ་ཉན་མིན། ང་རང་ཆེན་པོ་ཆགས་ན་བྱ་བ་ཅི་ཞིག་ལས་འདོད་ཡོད་མེད་སོགས་ཀྱི་སྐད་ཆ་དྲིས། ད་དུང་མོས་ང་ལ་ཀ་ར་མངར་མོ་ཟ་རྒྱུ་ཡིན་མིན་གྱི་སྐད་ཆའང་དྲིས། ངས་ང་རང་ཆེན་པོ་ཆགས་ན་གནམ་གྲུའི་ཁ་ལོ་བྱེད་འདོད་ཡོད་ལ་ད་དུང་ཀ་ར་མངར་མོའང་ཟ་འདོད་ཡོད་ཅེས་བཤད་པ་ཡིན།
རྨོ་རྨོའི་ཁུག་མའི་ནང་དུ་ཀ་ར་མངར་མོ་མང་བོ་འདུག། མོ་ནི་ངོ་མས་རྨོ་རྨོ་སེམས་བཟང་ཞིག་ཡིན། ང་རང་ཨ་ཕ་དང་ཨ་མ་གཉིས་ལའང་དགའ་བོ་ཡོད་ཀྱང་། ཁོ་གཉིས་ཀས་ང་ལ་འདི་འདྲའི་ཀ་ར་མངར་མོ་མང་བོ་ནམ་ཡང་སྟེར་མྱོང་མེད། ངོ་མ་རྨོ་རྨོ་ལགས་ལན་རེར་མ་གཏོགས་འདིར་མི་ཡོང་བ་དེ་ཇི་འདྲའི་སེམས་ཕམ་པ་ཞིག་རེད་ཨང་།
ད་ནི་དགོང་ཆུ་འཐུང་བའི་དུས་ཡིན་པས་ཨ་ཕ་ཕྱིར་བསླེབས་སོང་། ངས་ཀ་ར་མངར་མོ་ཆ་ཚང་ཟས་ཚར་བ་མ་ཟད་ངའི་ཁའི་ཕྱི་ནང་ཚང་མར་ད་དུང་མངར་མོ་འགོས་འདུག ད་ནི་ང་ལ་རྩེད་མོ་རྩེ་འདོད་མི་འདུག་པ་མ་ཟད་ངའི་གྲོད་ཁོག་ནང་ལ་ན་ཟུག་ཅུང་ཙམ་རྒྱག་གིན་འདུག ཡིན་ནའང་ང་ཚོ་ཚང་མ་ཅོག་ཙེའི་མཐའ་འཁོར་བསྐོར་ནས་བསྡད། ཨ་མས་ང་རང་དགའ་སའི་སྒོ་ང་བརྔོས་མ་ཅན་གྱི་དགོང་ཟས་ཞིམ་པོ་ཞིག་བཟོས་འདུག ཡིན་ནའང་ང་ལ་ཟ་མ་ཟ་འདོད་མི་འདུག་པས། ངས་སྡེར་མའི་ནང་ལ་ཁེམ་བུས་རི་མོ་བྲིས།
རྨོ་རྨོས་ནེ་ཁོ་ལ། ཟོ། རྨོ་རྨོའི་ངོར་བལྟས་ནས་ཅུང་ཙམ་ཟོ་ཞེས་པས། ཨ་ཕས་ཁོ་ལ་ཨུ་ཚུགས་མ་བྱེད། སྨན་པས་ཀྱང་ཕྲུ་གུར་ཟ་མ་ཨུ་ཚུགས་བྱས་ནས་ཟ་རུ་མ་འཇུག་ཟེར་ཞེས་པས། རྨོ་རྨོས་སྨན་པ། སྨན་པ། སྨན་པ་དེ་ཚོས་ཅི་ཞིག་ཤེས་སམ། ངས་ཕྲུ་གུ་གསུམ་འཚར་ལོངས་བྱུང་དུ་བཅུགས་ཀྱང་དེ་ལ་དཀའ་ངལ་ཅི་ཡང་བྱུང་མ་མྱོངས་ཞེས་སྐད་བརྒྱབས་པས། ཨ་ཕས་གཅིག་བྱས་ན་ཁྱོད་ལ་ཨ་ནེ་བཙན་པོ་ཞིག་མེད་པས་ཡིན་རྒྱུ་རེད་ཅེས་ལན་བཏབ། ཨ་མས་ནེ་ཁོ་ལ། མགྱོགས་སུ་ཟོ་ཞེས་པས་རྨོ་རྨོས་ག་ལེར་ལྡད་ནས་མིད་ཅེས་ཁ་སྣོན་བརྒྱབས།
དགོང་ཟས་འཐུང་ཚར་མ་ཐག་ཨ་མས་ང་རང་ཉལ་དུ་བཅུགས། ངའི་གྲོད་ཁོག་ལ་ན་ཟུག་སྐྱེས་ཀྱིན་འདུག ངའི་ཚ་བོ་ཉི་མ་ཚང་ནས་ཐུགས་སྤྲོ་གཏོང་སྐབས་ཨ་ཞང་མིག་དམར་གྱིས་བྱ་ངང་བའི་མཆིན་པ་ཟས་ན་གྲོད་ཁོག་ན་ཡི་མ་རེད་ཅེས་བ་བཞིན། ངས་ཟ་མ་ཟས་བ་མང་དྲག་ནས་ངའི་གྲོད་ཁོག་ན་བ་བཞིན་དེ་རིང་ཡང་ངའི་གྲོད་ཁོག་ལ་ན་ཟུག་ཤིན་ཏུ་སྐྱེས་ཀྱིན་འདུག
ཨ་ཕ་ནམ་གོང་ལང་ནས་སྨན་པར་ཁ་པར་བཏང་བས་སྨན་པ་ཡོང་ནས་བརྟག་དཔྱད་བྱས་ཏེ་ཟ་མ་ཞིག་མ་ཞུས་བ་རེད། ཉིན་འགར་ཡུལ་ནས་སྨན་གསོ་བྱོས་དང་སྐྱོན་མི་འདུག་ཟེར། དེ་མ་ཐག་རྨོ་རྨོས་དེ་ན་ང་རང་ཉིན་འགར་འདི་རུ་ཚ་བོར་སྨན་གསོ་བྱེད་བཞིན་འདུག་དགོས་སོང་མོད་སྐྱོན་མི་འདུག། ངས་ཁྱོད་ཚོས་ཕྲུ་གུར་ཟ་མ་སྟེར་སྟངས་ཤེས་ཀྱི་མི་འདུག་ཅེས་བཤད་པ་མི་དྲན་ནམ། ངས་ད་ཐེངས་ཁྱོད་ཚོས་ངའི་ཚ་བོར་ཟ་མ་སྟེར་སྟངས་ལ་ཉམ་འཇོག་བྱེད་ཀྱི་ཡིན་ཟེར། ཡིན་ནའང་ཕལ་ཆེར་ཨ་ཕ་དེ་ལ་འཐད་ཀྱི་མེད་པ་འདྲ།
མི་མིང་འགར་ཀློག་བདེ་བའི་ཆེད་དུ་བོད་མིང་བཏག་པ་ཡིན།
Bledurt ཟླ་བ།
Bertin ཉི་མ།
Sylvere མིག་དམར།
ཚེ་དགའ། (Wednesday, 24 November 2010 00:16)
ཧ་ཧ་ཧ་ཧ།
ང་ཆུང་དུས་མ་ཉལ་སྔོན་ལ་ཕ་མས་ངར་བུ་ཆུང་ནེ་ཁོ་ལའི་གཏམ་རྒྱུད་ཀློག་བྱུང་།
དེ་དུས་མ་འོངས་པར་བོད་ཡིག་ནང་ལ་ལྟ་ཡག་གི་བསམ་བློ་ངོ་མ་འཁོར་མ་མྱོང་།