
༡
རྒན་ལྷག་པའི་སློབ་ཁྲིད།
དགེ་རྒན་ལྷག་པ་ལགས་ཀྱིས་འཛིན་ཁང་གི་སྒོ་ཕྱེས་མ་ཐག་སློབ་ཕྲུག་ཚོས་རང་རང་གི་ལག་པ་ཆུང་ཆུང་གཉིས་བྲང་ཁར་སྦྱར་ནས། རྒན་ལགས། བཀྲ་ཤིས་བདེ་ལེགས་ཞེས་གུས་ཚུལ་གྱི་མགོ་བོ་ནང་ལ་སྒུར་སྒུར་བྱས་ཞིང་། ཁོ་ཚོའི་མིག་ཟུང་ལས་ཅི་ཞིག་ཤེས་འདོད་ཀྱི་རེ་བ་ཞིག་གསལ་བོར་མངོན།
རྒན་ལྷག་པ་ལགས་ཀྱིས་མཆན་ལ་བཙུར་བའི་རང་གི་སློབ་ཁྲིད་དཔྱད་གཞིའི་ཡིག་ཆ་རྣམས་ཁྲིད་སྟེགས་སྟེང་གི་ཅོག་ཙེ་ཆུང་ཆུང་དེའི་ཐོག་ལ་འཇོག་བཞིན། སློབ་གྲོགས་ཚང་མ་བཀྲ་ཤིས་བདེ་ལེགས་ཞེས་སྒུར་ཙམ་བྱས་རྗེས། སློབ་ཕྲུག་ཚོར་ཚང་རྩིས་ཤིག་བྱས་ནས་སློབ་ཁྲིད་ཀྱི་མགོ་བཙུགས།
ཁོས་ནམ་རྒྱུན་བཞིན་ཁྲིད་གཞིའི་སློབ་ཚན་ནང་གི་མིང་ཚིག་གསར་བ་རྣམས་ནག་པང་སྟེང་ལ་བྲིས་རྗེས། ཁང་བ། སྒོ། ཟྭ། ཀ་བ་ཞེས་རེ་རེ་བཞིན་འགྲེལ་བཤད་བྱས། ཤིང་གྲུ་བཞི་ཞིག་གི་ནང་ལ་ཤིང་ལེབ་ལེབ་ཞིག་བཞག་ན་སྒོ་རེད། མཁྱེན་སོང་བ། ཟྭ་ནི་སྒོ་ལྕགས་རེད། སྒོ་ལ་སྒོ་ལྕགས་མ་བརྒྱབས་ན་རྐུན་མ་ཡོང་གི་རེད། མཁྱེན་སོང་བ་ཞེས་བས། སློབ་ཕྲུག་པ་སངས་ལགས་ཡར་ལང་སྟེ་རང་གི་ལག་གཡོན་པས་རྣ་རྩར་འཕྲུག་བཞིན་ལག་གཡས་བས་ཟྭའི་འོག་གི་ཝ་ཟུར་ལ་མཛུབ་མོ་བཙུགས་ནས། རྒན་ལགས། ཟྭའི་འོག་གི་ཅ་ལག་ཆུང་ཆུང་དེ་ལྡེ་མིག་རེད་པས་ཞེས་པས། རྒན་ལགས་ཀྱིས་ཁ་མཚར། འདི་ལ་འགྲེལ་བཤད་བྱས་མི་འདུག་ཟེར་བཞིན་རང་གི་སློབ་ཁྲིད་དཔྱད་གཞིའི་ཡིག་ཆ་དག་ཕར་སློག་ཚུར་སློག་བྱས།
༼ཟྭའི་འོག་གི་ཅ་ལག་ཆུང་ཆུང་དེ་ལྡེ་མིག་རེད་དམ༽ ཚིག་འདི་དམངས་ཁྲོད་ནས་བཏུས།
༢
དངོས་སྦྱོང་ལ་སོང་བའི་མཐོང་ཐོས།
ས་རྭ་སློབ་གྲྭའི་དགེ་རྒན་འོས་སྦྱོང་གི་སློབ་མ་འགའ་སློབ་གྲྭ་འདིར་བདུན་ཕྲག་གསུམ་གྱི་དངོས་སྦྱོང་ལ་ཡོང་ཡོད་ལ། སློབ་ཁྲིད་དང་པོ་དེ་ས་གནས་དགེ་རྒན་གྱིས་དཔེ་སྟོན་སློབ་ཁྲིད་ཡིན་པས། ས་གནས་དེའི་དགེ་རྒན་ཚོས་ཀྱང་དེ་རིང་གི་སློབ་ཁྲིད་ལ་གྲ་སྒྲིག་ཡག་པོ་བྱས།
སློབ་ཕྲུག་ཚོ་རང་རང་གི་འདུག་སྟེགས་སྟེང་ནས་ཁུ་སིམ་སིམ་གྱིས་དགེ་རྒན་ཕེབས་པར་སྒུག་འདུག་ལ། དངོས་སྦྱོང་སློབ་མ་ཚོས་ཀྱང་སློ་ཚན་ཁྲིད་སྟངས་ཀྱི་ལེགས་ཆ་མང་བོ་ལེན་འདོད་ཀྱིས། འབྲི་དེབ་རེ་དང་སྨྱུ་གུ་རེ་བཟུང་སྟེ་སློ་ཕྲུག་ཚོའི་ཟུར་ནས་ཁུ་སིམ་སིམ་ངང་དགེ་རྒན་ཕེབས་པར་བསྒུག
འཛིན་ཁང་གི་སྒོ་ཕྱེ་བའི་སྒྲ་ཐོས་མ་ཐག་སློབ་ཕྲུག་ཚོ་མཉམ་དུ་ཡར་ལང་བའི་མོད་ལ། རྒན་ལགས་བཀྲ་ཤིས་བདེ་ལེགས་ཞེས་པས། རྒན་ལགས་ཀྱིས་འཛུམ་དམུལ་དམུལ་ངང་། བཀྲ་ཤིས་བདེ་ལེགས་ཟེར་བཞིན་མཁས་རྟགས་ཆུང་ཆུང་ཞིག་སྟོན་འདོད་ཀྱི་གྲ་སྒྲིག་བྱས།
ཁོས་ཁྲིད་གཞིའི་སློབ་ཚན་ཚར་གཅིག་བཀླགས་རྗེས་སྤོབས་པ་ཆེན་པོས་སློབ་ཕྲུག་ཚོའི་ནང་ལ་ལྟ་བཞིན། མི་ཤེས་བའི་མིང་ཚིག་གསར་བ་འདུག་པས་ཞེས་བས། སློབ་ཕྲུག་བསྟན་འཛིན་སྒྲོལ་མ་ལགས་ཡར་ལང་ནས། རྒན་ལགས་སྤྱན་རས་གཟིགས་ཞེས་ན་ག་རེ་རེད་ཅེས་པས། དགེ་རྒན་གྱི་མགོ་བོ་རང་བཞིན་གྱིས་ཇེ་དམའ་རུ་གྱུར་ནས་དངོས་སྦྱོང་སློབ་མ་ཚོའི་གདོང་ལ་ལྟ་ཙམ་བྱས་རྗེས། དྲི་བ་ཚ་བོ་དྲིས་སོང་ཟེར་བཞིན་བསམ་བློ་འགའ་བཏང་སྟེ། སྤྱན་རས་གཟིགས་ཞེས་ན་ལྷ་རེད་ཅེས་པས། དངོས་སྦྱོང་སློབ་མ་ཚོས་དེ་རིང་གི་ཉམས་མྱོང་གསར་བ་འདི་དང་མན་ངག་འདི་ཟིན་བྲིས་ལ་བཏབ་རྗེས། ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ་ཞེས་ཚིག་འགའི་སྣོན་པ་བརྒྱབས།
འདི་ནི་ང་རང་སློབ་གྲྭ་ག་གེ་མོར་དངོས་སྦྱོང་ལ་སོང་ནས་དངོས་སུ་མཐོང་ཤིང་ཐོས་བའི་སྒྲུང་ཞིག་ཡིན།
༣
དགེ་རྒན་གྱི་བསླབ་བྱ།
དགེ་རྒན་འབྲུག་ལགས་ནི་སློབ་གྲུ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་འདིས་གཏན་ཞུ་བྱས་བ་བཞིན། ང་ཚོའི་དངོས་ལུགས་དགེ་རྒན་བྱས། ཁོས་སློབ་ཕྲུག་ཚོའི་མདུན་ནས་རང་ཉིས་སློབ་མ་ཡིན་དུས་ཀྱི་སློབ་སྦྱོང་བྱེད་སྟངས་ནས་མགོ་བཙུགས་ཏེ་སློབ་གསོ་བྱས།
ལས་ཅི་ཞིག་བསྒྲུབ་ནའང་མགོ་བརྩམས་པ་བཞིན་མཇུག་སྐྱོང་དགོས་བ་རེད། མགོ་མཇུག་མེད་པའི་ལས་ཀ་བྱས་ན། སྔོན་མ་ཞིག་ལ་འབྲོག་པ་ཞིག་གིས་སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་བསྒོམས་པའི་ལོ་རྒྱུས་མགོ་ནས་མར་ཅུང་ཙམ་བཀླགས་རྗེས། དེ་ལས་སླ་བོ་རེད། ངས་ཧ་གོ་སོང་ཞེས་ཀློག་མཚམས་བཞག་ཏེ་རྩམ་ཁུག་ཅིག་ཁུར་ནས་རི་འགོར་སོང་སྟེ་སྒོམ་རྒྱག་སྐབས་སྤྱང་ཀི་ཞིག་ཡོང་ནས་ཟས་བ་རེད།
འདི་ནི་ངའི་དགེ་རྒན་གྱིས་ང་ལ་དངོས་སུ་བཤད་པ་ཡིན།
༤
སྲས་གཙང་སྲས་ཀྱི་འགྲེལ་བཤད།
ཨ་ཁུ་རོང་བ་ཞིག་གིས་རང་གི་བུ་ལ་སློབ་ཁྲིད་བྱེད་སྐབས་ཅི་ལྟར་འགྲེལ་ནའང་བུས་སྲས་གཙང་སྲས་ཀྱི་དོན་མ་གོ་བས། ཨ་ཕ་ཁོང་ཁྲོ་ལང་སྟེ་དབྱུག་པ་མགོ་ལ་ཕྱར་ནས། སྲས་གཙང་ཞེས་ན་སྟོན་པ་བཅོམ་ལྡན་འདས་ཀི་ཨ་བྷ་རེད། སྲས་ཞེས་ན་བུ་ཚ་རེད། སྲས་གཙང་སྲས་ཞེས་ན་རྒྱལ་བོ་སྲས་གཙང་ཚང་གི་བུ་ཚ་ཞེས་བ་རེད་ཅེས་པས། བུས་དོན་གོ་ནས་དེ་ནི་ཨ་ཕོ་དོན་འགྲུབ་ཚང་གི་བུ་ཚ་ཞེས་བ་དང་གཅིག་པ་རེད་མི་གམ་ཞེས་བ་རེད།
འདི་ནི་གྲོགས་པོ་རོང་བ་ཞིག་ལ་རྩེད་མཚར་དུ་བྲིས་བ་ཡིན།
༥ རྒྱ་བཙོག གཟབ་གཟབ་བྱོས། ཁྱོས་ཀྱིས་ངའི་རྫ་མ་བཅག་ཡོང་།
ང་དགུ་ལོར་རྒྱ་དམག་གིས་བོད་ལ་རྒྱག་སྐབས་ཕན་པོའི་ཨ་མ་ཞིག་གིས་ཁང་ཀླད་ཀྱི་རྫ་མར་མཛུབ་མོ་བཙུགས་ནས་སྐད་ཤུགས་ཆེན་པོས། ཀེ། རྒྱ་བཙོག། གཟབ་གཟབ་བྱོས། ཁྱོད་ཀྱིས་ངའི་རྫ་མ་བཅག་ཡོང་ཞེས་བ་རེད།
དམངས་ཁྲོད་གཏམ་རྒྱུད།
༦ ངའི་ཨ་ཕའང་ན་གིན་ཡོད་ཡ།
རིག་གནས་གསར་བརྗེའི་ལྷ་མེད་འདྲེ་མེད་ཀྱི་ལྟ་བ་ད་དུང་མཇུག་རྫོགས་མེད་པས། ཡུལ་མི་ཚོས་གསང་བའི་སྒོ་ནས་ཤི་བོ་རེ་རེ་ལ་སྨོལ་ལམ་རྒྱག་གིན་ཡོད་ལ། ཁྱིམ་མཚེས་དང་རུ་ཁ་མཐུན་ཕྱོགས་ཀྱི་བར་ལ་གོ་རེ་དམར་བོ་ཁ་ཤས་ཀྱི་སྟེང་ལ་ཀ་ར་མངར་མོ་འགའ་རེ་བཞག་ནས་སྟེར་སྲོད་ཡོད།
ཟླ་འགའི་ཡར་སྔོན་གྱི་ཞོགས་པ་ཞིག་ལ་གསར་བུ་དོན་འགྲུབ་རྒྱལ་གྱིས་ཞྭ་མོའི་ཕྱི་ནང་བསློགས་ནས་གོན་ཞིང་ཐ་གུ་དཀར་བོའི་སྐེ་རགས་ཤིག་གི་མདུད་ཁ་སྔོན་ནས་མདུད་དེ། མ་ནི་འདོན་བཞིན། ལོ་ན་གསུམ་བཞི་ཙམ་གྱི་ནུ་བོ་ཚེ་རིང་ཁྲིད་ནས་ཁྱིམ་ཚང་རེ་རེའི་སྒོ་བརྡུང་བཞིན། མདང་དགོང་ང་ཚོའི་ཨ་ཕ་མ་འཚམས་པས་མ་ནི་འགས་སྦྱིན་པ་གནང་རོགས་ཟེར་བཞིན་ཡུལ་སྲོལ་ལྟར་བལ་ཐུག་གིས་བསྡམས་པའི་གོ་རེ་འགའ་དང་ཀ་ར་མངར་མོ་འགའ་རེ་སྟེར་བཞིན་འགྲོ། ཡིན་ནའང་ཁོ་ཚང་གི་ཁྱིམ་མཚེས་ཤ་བོ་ཚང་གི་བུ་ཆུང་རྒྱ་མཚོར་ཀ་ར་སྟེར་རྒྱུ་བརྗེས་སོང་བས། རྒྱ་མཚོའི་སེམས་ལ་ཤིན་ཏུ་གནོད་ཡོད་ནའང་ཁོས་ཚིག་གཅིག་ཀྱང་མ་བཤད་པར་སེམས་ལ་ཉར་ནས་བསྡད།
ཉིན་ཞིག་ཁོ་དགའ་སྤྲོ་ཆེན་པོས་མཆོང་རྒྱུག་བྱེད་བཞིན་ཁྱིམ་མཚེས་དོན་འགྲུབ་རྒྱལ་ཚང་གི་སྒོ་ཁར་ཡོང་ནས་སྐད་ཤུགས་ཆེན་པོས་རང་གི་རྩེད་མོ་རྩེས་རོགས་ཚེ་རིང་བོས་ཏེ། ཁྱོད་ཚོའི་ཨ་ཕ་གཤེགས་དུས་ང་ལ་ཀ་ར་མ་བྱིན་པ་ངས་བརྗེད་མེད་ཡ། དེ་རིང་ད་ངའི་ཨ་ཕའང་ན་བཞིན་ཡོད་ཡ། ཞེས་བཤད་རྗེས་དགའ་སྤྲོ་ཆེན་པོས་ཕྱིར་རང་གི་ལ་རྒྱུག།
དམངས་ཁྲོད་གཏམ་རྒྱུད།
༧གསོལ་འདེབས།
ཨ་མ་པ་སངས་ལགས་ཀྱིས་ལྷ་སའི་ཇོ་བོའི་མདུན་ནས་ཕྱག་འཚལ་བཞིན་སྐྱེས་བ་རྗེས་མར་ང་རང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་གྱི་ནང་ནས་སྐྱེས་བར་ཤོག་ཅེས་གསོལ་བ་འདེབ་པ་ཨ་ཁུ་བསྟན་འཕེལ་གྱིས་གོ་ནས་ཡིན་མདོག་དང་བཅས། ཨ་མ་ལགས། དེ་འདྲ་གསོལ་བ་བཏབས་ནས་ཆོ་ག་རེ་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་གྱི་ནང་ནས་སྐྱེས་སྲིད་ཀྱི་མ་རེད་ཅེས་བཤད་པས། ཨ་མ་པ་སངས་ལགས་ནས་ཕྱག་གསུམ་འཚལ་རྗེས་པུས་བཙུག་གིས་སར་བསྡད་དེ། སྐུ་ཞབས་ལགས། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་གྱི་ནང་ནས་མི་སྐྱེས་བ་དེ་ངས་ཀྱང་ཤེས་ཀྱིན་ཡོད། ༧ གོང་ས་མཆོག་གིས་གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་ཆེ་ས་ནས་རྒྱོབས། གསུངས་བ་མ་ཐོས་སམ། ངས་འཆི་བ་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། ཡིན་ནའང་འདི་ལྟར་རེ་བ་ཆེ་ནས་བརྒྱབས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་གྱི་ནང་ནས་མ་སྐྱེས་ཀྱང་ཐག་ཉེ་ཞིག་ནས་སྐྱེས་ཀྱི་རེད་ཅེས་པས། བླ་རྒན་བསྟན་འཕེལ་གྱིས་ཀྱང་བསམ་བློ་འགའ་བཏང་ནས། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་གྱི་ནང་ནས་སྐྱེས་བར་ཤོག་ཅེས་ཕྱག་འཚལ་བཞིན་ཨ་མ་ལགས་དང་མཉམ་དུ་གསོལ་བ་བཏབས།
དམངས་ཁྲོད་གཏམ་རྒྱུད་ཅིག་ལ་གཞི་བཅོལ་ནས་བྲིས།
་ རོགས་ཆུང་ལོ་སྙིང་ལ་རྗེ་བོ།
ཟ་ལེ་རྒྱལ།


