རོག་ཆུང་ལོ་སྙིང་ལ་རྗེ་བོ།

ངའི་མིང་ལ་ཟ་ལེ་རྒྱལ་ཟེར། ང་རང་སྐུ་ཞབས་སྨན་བླའི་ཁ་ཤགས་སྒྱུ་རྩལ་ལས་འཚར་ལོངས་བྱུང་། ཨ་ཕས་བཤད་ན་ང་རང་ཆུང་དུས་སློབ་གྲྭར་འགྲོ་ཁུལ་བྱས་པ་དེ་མ་འགྲིག་པ་རེད་ཟེར་ལ། ཨ་མས་བཤད་ན་དེ་ནི་ངའི་ལས་དབང་དང་ཐོད་པའི་ཁ་ཡིག་རེད་ཟེར། ཡང་ལོ་ལོན་འགས་བཤད་ན་ངའི་ཁོག་ལ་གདོན་ཞུགས་པས་རེད་ཟེར། ཡིན་ཡང་སྐུ་ཞབས་སྨན་བླས་དེ་ནི་བློ་སྤོབས་དང་གོ་སྐབས་འཕྲད་པའི་མདུན་སྐྱོད་ཀྱི་གོམ་པ་དང་པོ་ཡིན་ལ། སྒྱུ་རྩལ་ཁ་ཤགས་འདིའི་ནང་གི་རེ་བ་ཆེ་ས་དེའང་ཡིན་མོད། མི་ཚང་མས་ངོ་གདོང་ནས་གོ་བ་བླངས་ཏེ་ཟ་ལེ་རྒྱལ་གྱི་ངོ་གདོང་ལ་མཆིལ་མ་གཏོར་བར་བློ་ཕམ་ཡོད་ཟེར། ངས་ཞིབ་འདང་བརྒྱབས་ན་ཨ་ཕས་བཤད་པ་བདེན་ལ། ཨ་མས་བཤད་པའང་བདེན། ཡིན་ཡང་ངས་སྐུ་ཞབས་སྨན་བླས་སྒྱུ་རྩལ་གྱི་ཞིང་ཁམས་ནས་ཤེས་སྟོབས་ཀྱིས་བཞེངས་པའི་ཟ་ལེ་རྒྱལ་དེའི་ཚབ་བྱེད་མི་ཐུབ་ནའང་། རང་ཉིད་ཀྱིས་གདམས་པའི་ལམ་ཁ་འདིར་མྱི་ཁར་ཉན་ནས་འགྱོད་པ་ནམ་ཡང་སྐྱེས་མ་མྱོང་།
ང་རང་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་ཞུགས་པའི་གོ་སྐབས་ཐོབས་ནའང་། སློབ་གྲྭར་སོང་བའི་ལོ་རྒྱུས་ཙམ་ལས་སློབ་གྲྭ་ནས་སྦྱངས་བའི་ཡོན་ཏན་དང་འབྲས་བུ་ཅི་ཡང་སྟོན་རྒྱུ་མེད། གོ་གསུམ་ལོར་མཚོ་ལྷོ་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེས་སྤྲད་པའི་མཐར་ཕྱིན་འཛིག་ཡིག་ཁྱེར་ནས་རྒྱ་གར་ལ་སྐྱབས་བཅོལ་ཞུ་རུ་སོང་། མཐའ་སྲུང་དམག་ལའང་མ་སྤྲད་པའི་རང་གི་མཐར་ཕྱིན་འཛིག་ཡིག་དེར་སྲོག་བཞིན་གཅེས་མྱོངས་ལ་སློབ་སྦྱོང་གི་འབྲས་བུར་ཡང་བློམ་མྱོངས། བོད་གཞུང་གིས་དེ་ལ་ངོས་ལེན་མེད་ཅེས་ངའི་མཐར་ཕྱིན་འཛིན་ཡིག་གད་སྙིགས་ནང་ལ་གཡུགས་པའི་ཚབ་ལ། ས་རྭ་སློབ་གྲྭས་རིག་གནས་རབ་འབྱམས་པའི་མིང་བྱང་ཞིག་སྤྲད་ནའང་། གོ་དགུ་ལོར་ཕྱི་རྒྱལ་ལ་འགྲོ་ཁར་དེ་ལའང་སུ་ཞིག་གིས་ངོས་ལེན་མེད་ཟེར་རྒྱུ་ཡིན་པ་སྔོན་དཔག་བྱེད་ཐུབ་པས། རང་ཉིད་ཀྱིས་གད་སྙིགས་ནང་ལ་གཡུགས་ཟིན།
ད་དུང་ང་ལ་སུས་ཀྱང་ངོས་བྱེད་ཐུབ་པའི་ཤོག་བུ་ཞིག་སྟོན་རྒྱུ་མེད་མོད། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་སུ་ལ་ཐུག་ནའང་ལོ་ཙྭ་བ་མི་དགོས་བར་བོད་སྐད་ཀྱིས་གོ་བརྡ་སྤྲོད་ཐུབ་པའི་ཁ་སྐད་གཙང་མ་ཞིག་ངའི་ངག་ལ་འབྱར་ཡོད་པས། དེ་ནི་རང་གི་ཡོན་ཏན་ཡིན་པའི་ཡིད་ཆེས་ཡོད་ལ་སྤོབས་པའང་ཡོད།
ཡུལ་གྱར་བའི་དུས་དེབ་དང་ཚགས་ཤོག་ཁ་ཤས་ཀྱི་ཐོག་ལ་སྐྱབས་བཅོལ་བའི་རྩོམ་ཡིག་འགའ་རེ་བྲིས་མྱོངས་མོད་རླུང་གིས་འཁུར་ཆོག་ཆོག་ཅིག་ལས་སྲ་བརྟན་གྱི་སྲོག་ཤིང་ཅི་ཡང་མེད།
་ རོགས་ཆུང་ལོ་སྙིང་ལ་རྗེ་བོ།
ཟ་ལེ་རྒྱལ།

