ལེའུ་གསུམ་བ།

 

ཨ་ཕའི་འཇིག་རྟེན་ལ་ཁ་བ་བབས།། སྤྱང་ཀིའི་སེམས་ཁམས་ལ་བརྩེ་བ་ཞུགས།།

 

ངས་མེ་ཏོག་ལྟ་བུའི་མཛེས་མ་ཚོ་མཐོང་ཐེངས་རེར། གན་སུ་ཞིག་གི་གཅེས་ཕྲུག་མ་ལོས་ཡིན་འདོད་ན། ཨ་ཕ་ཞིག་གིས་རང་གི་གཅེས་ཕྲུག་མའི་ལང་ཚོའི་མེ་ཏོག་ལ་ལམ་འགྲོ་བ་ཚོའི་རྡོག་བརྫིས་མི་ཐེབ་པའི་སྨོན་ལམ་རྒྱག་གི་ལོས་ཡོད་འདོད་ན། ངས་བུ་མོ་མཛེས་མ་ཚོ་མཐོང་ནས་སེམས་འགུལ་ཡང༌། ངས་ཨ་ཕ་བརྩེ་འདང་ཅན་ཚོ་དྲན་ན་སྙིང་རྗེ་གི ཨ་ཁུ་སྤྱང་ཀི་ཚོས་ང་ལ་ཁྱོད་ཀྱིས་བཤད་པ་ཚང་མ་ཉོག་བཤད་ཏག་ཏག་རེད་ཟེར་ན་ཐང། དེ་ནི་ཁོ་ཚོར་ཕྲུ་གུ་མེད་པ་འམ་ཡང་ན་ཁོ་ཚོའི་ཕྲུ་གུ་སྤྱང་ཕྲུག་ཡིན་པས་རེད།

ལོ་འགའི་སྔོན་ལ་ངའང་སྤྱང་ཀི་ཞིག་ཡིན། ཤ་ཞིམ་པོ་མཐོང་ནས་ཞེན་པ་ལོག་མ་མྱོངས་ལ་སྲོག་དམར་པོ་རིག་ནས་སྙིང་རྗེ་ཡང་སྒོམ་མ་མྱོངས། དེ་དུས་ངའི་འཇིག་རྟེན་ན་ཁ་བ་མེད་པས་ངས་བརྩེ་སེམས་ཀྱི་ཁ་ཏོག་དཀར་པོ་ཡིན་པ་མ་ཚོར། ངའི་འཇིག་རྟེན་ལ་ཁ་བ་བབས་པས་ངའི་སེམས་ཁམས་ལ་བརྩེ་བ་ཞུགས། དུས་ད་ནས་བཟུང་མེ་ཏོག་ལྟ་བུའི་ན་ཆུང་མ་ཚོ་ངའི་འཇིག་རྟེན་ནས་རང་དབང་ཡིན་ལ། དུས་ད་ནས་བཟུང་ངས་ཁྱོད་ཚོས་ཤེས་བཞིན་དུ་རང་གི་ལག་པ་སྤྱང་ཀིའི་ཁ་ནང་ལ་མི་འཇོག་པའི་སྨོན་ལམ་རྒྱག་གིན་ཡོད། ཁྱོད་ཚོས་ཞིབ་ཏུ་ལྟོས་དང་ཨ་ཁུ་སྤྱང་ཀིས་ལུག་བཤས་ན་ཁྱོད་ལ་མཁལ་མ་ལོག་རིལ་དང་མགོ་བཙས་ན་ཁྱོད་ལ་ཤ་ལྕེ་ནར་མོ་སྟེར་ཟེར་ངེས། དེ་དུས་ཁྱོད་ཚོས་མགོ་བོ་ཐད་དུ་གཡུག་བཞིན་ཨ་མས་ལོ་བཅོ་བརྒྱད་ལ་མ་ལོན་བར་དུ་ལུག་ཤ་མ་ཟ་ཟེར་ཞེས་བཤད་དགོས། སྤྱིར་གང་ས་གང་དུ་སྤྱང་ཀི་མང་པོ་ཡོད་ལ། ལྷག་པར་དུ་ངའི་ཕ་ཡུལ་ཨ་མདོའི་རྩ་ཐང་ན་སྤྱང་ཀི་མང་པོ་ཡོད། མཐའ་ན་ངའི་གྲོགས་པོ་ཚོའང་སྤྱང་ཀི་ཏག་ཏག་ཡིན།  ཡིན་ནའང་ཨ་ཁུ་སྤྱང་ཀི་ཚོར་བཟང་ཞིག་ཡོད་པ་དེ་རང་གི་གྲོགས་པོ་དང་ཤ་ཉེ་རུས་ཉེ་ལ་སོ་མི་རྒྱག་པ་དེ་ཡིན།

ད་དུང་ཁྱོད་ཚོའི་འཇིག་རྟེན་ན་དགྲ་གཞན་ཞིག་ཡོད་པ་དེ་ཁྱི་རེད། ངས་ཁྱི་ལུས་ནམ་ཡང་ལེན་མ་མྱོངས་མོད། སོང་མྱོངས་བའི་ས་ཆ་གང་མང་ནས་ཁྱི་མང་པོར་ཐུག་མྱོང་ཡོད་པས། ཁྱི་རྒན་དེ་ཚོའི་ངོ་རྫོགས། མྱི་སྐད་ག་ལ་གོ མཐའ་ན་ཁྱི་སྐད་བཤད་ཀྱང་མི་གོ། ཡ་རབ་ཀྱི་ཡོན་ཏན་ཅི་ཡང་མེད་ལ་མ་རབ་ཀྱི་བྱ་བ་ཚང་མ་ཤེས། ངོ་ཚ་རྒྱུ་མེད་ལ་ཡ་ང་རྒྱུ་དེ་བས་ཀྱང་མེད། གཡག་ཤ་དང་ལུག་ཤ། རྟ་ཤ་སོགས་ཤའི་རིགས་ལ་ཁྱད་པར་ཅི་ཡང་མེད་ལ། སྟབས་འགྲིག་ན་རང་གི་གྲོགས་པོ་དང་ཤ་ཉེ་རུས་ཉེ་ཚོའི་ཤ་སྐལ་རྐུས་ནས་ཀྱང་ཟ། སྡེར་མོ་དང་མཆེ་བ་ སྦས་ནས་ཁྱིའི་བཟི་ལྟ་མི་སྟོན་མོད། ཞིབ་ཏུ་ལྟོས་དང་ཁྱི་དེའི་རིགས་ཀྱིས་ཤ་མ་ཟས་སྔོན་ལ་རྔ་མ་གཡུག་བཞིན་ཡོད་ཚད་ལ་ཡ་ཡ་དང་ལེགས་སོ་ཟེར། ཤ་ཟས་རྗེས་མགོ་བོ་གཡུག་བཞིན་ཡོད་ཚད་ལ་མི་ཤེས་དང་མི་ཐུབ་ཟེར། ཁྱི་རྒན་དེ་དག་གིས་སང་ཉིན་གྱི་རྗེས་ན་གནངས་ཉིན་ཡོད་པ་མི་ཤེས་ལ། གྲོད་ཁོག་རྒྱགས་རྗེས་ལྟོགས་རྒྱུ་ཡོད་པའང་མི་དྲན་པས། ཤ་ཟ་ཤེས་བ་ཙམ་ལས་ཤ་ལ་བདག་གཅེས་བྱེད་མི་ཤེས།  ཁྱི་རྒན་དེ་དག་ལམ་འགྲོ་བ་ཉམས་ཆུང་ཚོ་མཐོང་ན་ཟུག་སྐད་ཆེན་པོ་བརྒྱབས་ཏེ་རྫིག་ཉམས་སྟོན་རྒྱུར་དགའ་ཡང༌། དོན་གྱིས་ཞི་མི་ཞིག་གི་ཁ་སྤུའང་བཏོག་མི་ཐུབ། དེ་བས་ལྟ་ཤེས་དང་ཉན་ཤེས་བྱོས་ཨ་ཕའི་ལོ་ལོ་ཡིན། སྤྱིར་ངས་ཁྱོད་ཀྱི་རང་དབང་ལ་ཇུས་རྟོགས་བྱེད་མི་འདོད་ཀྱང་ངའི་བརྩེ་སེམས་ཀྱི་ལུ་གུ་ཆུང་ཆུང་རང་དབང་གི་གར་ལ་རྩེན་པའི་འཇིག་རྟེན་ལ་ཁྱི་རྒན་ཞིག་ཡོང་ས་གཏན་ནས་མེད། 

གནས་ལུགས་ལ་གནས་ལུགས་ཀྱི་རྒྱབ་རྟེན་བཙལ་ནས་གནས་ལུགས་གཞན་པར་མགོ་མི་སྒུར་བ་དེ་མིའི་གཤིས་ཀར་གྲུབ་པའི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་རེད། ཡིན་ནའང་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར། ང་ཁྱོད་ལ་དགའ་ཞེས་བའི་མིང་ཚིག་ཅིག་གནས་ལུགས་ཏུ་བློམས་ནས་ཨུ་ཚུགས་ཀྱིས་རྒྱབ་རྟེན་བྱས་ཏེ། ད་དུང་ཕ་རོལ་བར་གནས་ལུགས་མི་གོ་བའི་གླང་རྒན་ཟེར་བཞིན་རང་ཉིད་འདོད་ཆགས་དང་སྟོང་སེམས་ཀྱི་ཕུགས་ལ་དེད་པའི་འགོང་བོ་སྟོང་རྩིས་བ་དེ་ཚོར་སྙིང་རྗེ་སྒོམ་དོན་མེད། ཨ་ཁུ་དྲིན་ཆེན་པོས།སྤྱང་ཀི་ཤ་ བཟན་རི་བོང་རྩ་བཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བརྡུར་བ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་ནས།། རང་རང་སོ་སོའི་འཁོར་བ་བསྐྱང་ན་ལེགས་ཞེས་བ་བཞིན། ཁྱི་སྤྱང་དང་འགོང་བོ་སྟོང་རྩིས་བ་དེ་དག་ཁྱོད་ཀྱི་རིགས་མཐུན་མིན་པས་ཁོ་ཚོར་ཁྱོད་ཀྱི་འཇིག་རྟེན་ན་བགོ་སྐལ་ཨི་ཡང་སྤྲད་མེད། ཡིན་ནའང་རང་རློམ་དང་ང་རྒྱལ་གྱིས་སམཡོས་ཏེ་གཞན་པར་དམའ་འབེབ་དང་མཐོང་ཆུང་བྱེད་མི་ཉན། གང་ལྟར་མེ་ ཏོག་གི་དྲི་ངལ་དང་མཛེས་སྡུག་གིས་བཀུག་པའི་རིགས་ཀྱིས་ཁྱབ་པ་དང་མ་ཁྱབ་པའི་སེམས་ཅན་སུ་ཡིན་ཡང༌། དེ་དག་གི་སེམས་ནས་ཁྱོད་ལ་ཆེ་མཐོང་གི་འདུག་སྟེགས་ཆུང་ཆུང་རེ་བཟོས་སྟེ། སྟོང་སེམས་ཀྱིས་བཙག་པའི་བརྩེ་ཆང་ཕོར་བ་གང་དང༌། འདོད་ཆགས་ཀྱིས་འབབར་བའི་ཐ་མག་སྒམ་ཆུང་གཅིག་རེ་ཡིས་ཁྱོད་ལ་མགྲོན་འབོད་བྱས་བ་དེའི་དམིགས་ཡུལ་ཐུང་ཞིང་འཆར་གཞི་བཙོག་ནའང༌། ཕྱོགས་གཞན་པ་ཞིག་ནས་ཁྱོད་ཀྱི་འཇིག་རྟེན་ལ་ཆེས་མཐོང་གི་མེ་ཏོག་ཆུང་ཆུང་རེ་རྒྱན་དུ་བཏགས་ཡོད་པས། འགྲོ་སོང་མེད་པའི་འཛུམ་མདངས་ཤིག་བཀྲིས་བདེ་ལེགས་ཀྱི་ཁ་གཡང་དང་མཉམ་དུ་ཁོ་ཚོར་སེམས་ཀྱི་ངལ་གསོ་རུ་བྱིན་ཆོག་མོད། འཛུམ་མདངས་ཀྱིས་བསྟན་པའི་ཁ་ཕྱོགས་ནོར་ཏེ་ཁོ་ཚོའི་སྣང་བ་འཕྲུལ་ཞིང་རྨི་ལམ་འཁྲུག་པའི་ཉེན་ཁ་ཡོད་པས། འཛུམ་མདངས་སྟོན་སྐབས་མིག་གཉིས་ཀས་ཨ་ཕར་ལྟ་དུས་ཀྱི་རྣམ་འགྱུར་དྭངས་མོ་དེ་སྟོན་དགོས།

ཁྱི་སྤྱང་གི་གཡུལ་ལས་རྒྱལ་ཏེ་འགོང་བོ་སྟོང་རྩིས་བའི་འཕྲུལ་སྣང་ལས་ཐར་རྗེས། ཁྱོད་ཀྱི་འཇིག་རྟེན་ལ་བབས་པའི་བརྩེ་སེམས་ཡོད་ཚད་ཁ་བ་བཞིན་དཀར་བོ་ཡིན་ལ། ཨ་ཕའི་བརྩེ་སེམས་བཞིན་ཡོད་ཚད་ལ་ཡིད་ཆེས་བྱེད་ཆོག རྒྱལ་སྲས་མེ་ཏོག་ཆུན་པོ་རེ་རེ་ཡི་ནང་ན་ལྷད་མ་གོས་བའི་བརྩེ་དུང་གི་འབྲས་བུ་རེ་རེ་ཡོད། བརྩེ་བའི་བདག་ཉིད་ཅན་དེ་དག་ནི་མི་བུ་ཏག་ཏག་ཡིན། མི་བུ་དེ་དག་ལ་རང་རང་གི་དམིགས་ཡུལ་དང་འཆར་གཞི་ཡོད་ལ། ལ་རྒྱ་དང་ཞེན་ཁོག་ཡོད། མི་བུ་དེ་དག་གིས་རང་གི་ཆུང་མ་ནི་མི་ཚེ་ཞིག་གི་སྐྱིད་དུས་ཀྱི་དགོད་རོགས་དང་སྡུག་དུས་ཀྱི་ངུ་རོགས་ཡིན་པ་ཤེས་ཤིང༌། ཆུང་མ་ནི་རང་གི་བུ་ཕྲུག་གི་ཨ་མ་ཡིན་པའང་ཤེས་ལ། ཆུང་མ་དང་གཡོག་མོའི་ཁྱད་པར་ཡང་ཤེས། མི་བུ་དེ་དག་གིས་སང་ཉིན་གྱི་རྗེས་ན་གནངས་ཉིན་ཡོད་པ་ཤེས་ལ། སང་ལོའི་རྗེས་ན་གནངས་ལོ་ཡོད་པའང་ཤེས། མི་བུ་དེ་དག་གིས་ལྟོགས་རྒྱུ་ཡོད་པ་ཤེས་ལ་རྒྱགས་རྒྱུ་ཡོད་པའང་ཤེས། མི་བུ་དེ་དག་གིས་རང་ལ་འོས་ཤིང་འཚམས་པའི་འཚོ་བ་རོལ་སྟངས་ཤེས་པས། ཁོ་ཚོ་དང་མཉམ་དུ་མི་ཡི་བརྩེ་བར་རོལ་ན་དགའ་དུས་དགོད་རོགས་དང་སྡུག་དུས་ངུ་རོགས་ཡོད། དེ་ནི་ཁྱི་སྤྱང་དང་འགོང་བོ་སྟོང་རྩིས་བ་ཚོར་མེད་ཅིང་མི་བུ་ཚོར་ཡོད་པའི་ཡོན་ཏན་གྱི་ཆ་ཏག་ཏག་ཡིན

 

༢༧།༠༢།༢༠༠༧ ལ་ཕ་རི་སི་ནས་ཨ་ཕས་བརྩེ་བ་ཏག་ཏག་གིས་བྲིས།

 

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།