ལེའུ་བཞི་བ།

 

གངས་ཀྱི་རི་ལ་ཁ་བས་ལོ་ཟླ་བརྩེགས།། ཨ་ཕའི་གདོང་ལ་རྒས་བའི་གཉེར་མ་བབས།།

 

ངའི་སྣང་བ་ཞིག་ལ་ཁྱོད་རང་ཉིན་རེ་ནས་ཉིན་རེར་ཇེ་ཆེ་དང་ཇེ་ཡག་རེད། ངའི་སྣང་བ་ཞིག་ལ་ངའི་ཐོད་པའི་གཉེར་མ་ཉིན་རེ་ནས་ཉིན་རེར་ཇེ་མང་དང་ཇེ་བཙོག་རེད། ཡིན་ནའང་ཁྱོད་རང་ཡག་ན་ང་མ་ཡག་ན་ཆོག་པའི་འདོད་འདུན་དེས་ངའི་སྐྱོ་སྣང་ཚང་མ་བསོ་སྣང་དུ་བསྒྱུར་ཡོད།

ངས་ང་རང་འཚོལ་བའི་ལོ་ཟླ་དེ་ཕལ་ཆེར་རྫོགས་ཟིན་པ་འདྲ། ད་ནི་ངོ་ལྟའི་མདུན་ནས་ལང་སྟེ་རང་གི་གདོང་ལ་བལྟས་ནས་སྐབས་རེར་ཅི་ཞིག་བློར་བབས་པ་བཞིན་ཁོང་འཛུམ་རེ་བྱེད་པ་དང༌། སྐབས་རེར་ཅི་ཞིག་བློར་མ་བབས་པ་བཞིན་མིག་གི་ལྟ་སྟངས་བསྒྱུར་ཏེ་མགོ་སྒུར་ནས་བུད་འགྲོ་བའི་སྣང་ཚུལ་དེ་དག་མི་འདུག དེ་ལས་ཁ་བ་དཀར་ཚུལ་དང་ཁ་བ་ཡག་ཚུལ་སོགས་ཁ་བའི་གཏམ་རྒྱུད་རེ་གོ་ན་འདོད། ང་རང་ཁ་བའི་ཡུལ་ལྗོངས་ནས་སྐྱེས་པས་ངའི་གཟུགས་གཞི་འདི་ཕྱིར་ཁ་བར་འཐིམ་དགོས་བའང་ཆོས་ཉིད་དུ་མཐོང༌། དེ་རིང་ཨ་ཕའི་ཁ་བ་འཚོ་ལོ་གཅིག་དང་ཟླ་བ་གཅིག་ཡིན། ཚང་མར་རང་རང་གི་འཁོར་ཡུག་དང་གནས་སྟངས་ལ་དཔག་པའི་འོས་འགན་རེ་ཡོད་ལ།  ཁྱོད་ལའང་ཁྱོད་ཀྱི་ལོ་ཚད་དང་མཐུན་པའི་འོས་འགན་ཞིག་ཡོད། དེ་ནི་པ་པ་དང་མ་མོ་མི་ཟེར་བར་ཨ་ཕ་དང་ཨ་མ་ཟེར་རྒྱུ་དེ་ཡིན། ང་རང་ནོར་བ་མིན་ན་ཁྱོད་ཀྱིས་ང་ལ་ཨ་ཕ་ཟེར་བ་ལས་པ་པ་ཟེར་རྒྱུ་ཡིན་པའི་བཟོ་ལྟ་ཞིག་འདུག་མོད། ང་རང་ཁྱོད་ཀྱི་ཨ་ཕ་ཡིན་ལ་པ་པ་མིན་པའི་གནས་ལུགས་དེ་ཁྱོད་ཀྱིས་མ་ཤེས་ན། ཁ་བ་རྫུན་མ་ཞིག་གིས་ངའི་ཕ་ཡུལ་གྱི་ཁ་ཏོག་དཀར་པོར་བསྒྱུར་ཡང་དེས་ངའི་འཛུམ་མདངས་མི་ཁུག་ལ། ང་རང་ཁ་བར་དུང་དགོས་བའི་རྒྱུ་མཚན་ཡང་དེ་མིན། ས་འདི་ན་རྩམ་པ་དང་ཁ་བ་མེད་ནའང་གངས་རིའི་རྩམ་ཟན་པ་ངས་རང་གི་གྲོད་ཁོག་དང་གློ་མཆུན་སྐམ་དུ་མི་འཇུག། ངས་མ་ཚར་བའི་ལས་ཀ་ལྷག་མ་དེ་དག་ཁྱོད་ཀྱིས་མཇུག་བསྡུ་དགོས་བ་ང་རང་གངས་རི་དང་ཁྱོད་རང་ཁ་བ་ཡིན་པའི་འབྲེལ་བ་དེའི་དབང་གིས་ཡིན། 

མི་གཞན་པར་ངན་བྱེད་མི་ཉན་ལ་བཟང་ཡང་བྱེད་མི་ཉན། རང་ལ་ཡོད་པའི་ཁེ་བཟང་དེ་དེ་བས་ཀྱང་གཞན་ལ་སྟེར་མི་ཉན། གལ་ཏེ་སུ་ཞིག་གིས་ཁྱོད་ལ་ཁ་ཡག་དང་ངོ་བསྟོད་བྱེད་ན་དེ་ནི་ཁོ་ལ་མཁོ་བའི་ཅ་ལག་ཅིག་ཁྱོད་ལ་ཡོད་པས་ཡིན གལ་ཏེ་སུ་ཞིག་གིས་ཁྱོད་ལ་ཕྲག་དོག་དང་དམའ་འབེབ་བྱེད་ན་དེ་ནི་ཁོས་མི་དོ་བའི་ཡོན་ཏན་ཞིག་ཁྱོད་ལ་ཡོད་པས་ཡིན། དོན་དག་ཅི་ཡང་མེད་པར་མིས་མི་ལ་ཁ་ཡག་དང་ངོ་བསྟོད་བྱེད་དོན་མེད་ལ་ཕྲག་དོག་དང་དམའ་འབེབ་ཀྱང་བྱེད་དོན་མེད། སྦྱིན་པ་གཏོང་མཁན་མེད་ན་སློང་མོ་རྒྱག་མཁན་མེད་པ་དང་མགོན་སྐྱབས་བྱེད་མཁན་མེད་ན་སྐྱབས་འཇུག་ཞུ་མཁན་མེད་པའི་གནས་ལུགས་འདི་མི་ཚང་མས་རྟོགས་རྗེས་ཁྱོད་ལ་ཁ་ཡག་བཤད་མཁན་མེད་ལ་ཕྲག་དོག་བྱེད་མཁན་ཡང་མེད། རང་ལ་མེད་ན་གླིང་ན་མེད་ཅེས་བའི་གཏན་ཚིག་འདི་སེམས་ལ་ཉར་ཏེ་རང་རང་ས་ནས་འབད་པ་བྱེད་ཀི་རེད། རང་ལ་ཡོད་པ་དེ་གཞན་ལ་སྟེར་མི་ཉན་པ་དང༌། རང་ལ་མེད་པ་དེ་གཞན་ལ་སློང་ཡང་མི་སྟེར་བའི་གནས་ལུགས་རྟོགས་རྗེས། བུད་མེད་ལ་ཐོབ་ཐང་མི་འདུག་ཅེས་བཤད་ས་དེ་བུད་མེད་ཚོ་རང་ཡིན་པ་ལས་སྐྱེས་བ་ཚོ་མིན་པའི་གནས་ལུགས་ཀྱང་ལས་སླ་བོར་ཤེས་རྒྱུ་རེད། ཕོ་མཆོག་མོ་དམན་གྱི་ལྟ་བའི་འཐབ་རྩོད་ལས་ཐོབས་པའི་ཐོབ་ཐང་དེ་སྐྱེས་བ་ཚོས་སུ་ལའང་སྟེར་མི་ཐུབ་པའི་ཁེ་བཟང་ཞིག་ཡིན་པས། བུད་མེད་ལ་ཐོབ་ཐང་མི་འདུག་ཅེས་རྐང་ལག་བཞི་གནམ་ལ་སྐོར་ནས་ཇི་ལྟར་ངུས་ཀྱང༌། ཁ་ཡག་རེ་ཡི་ཡོང་སྒོ་ལས་རང་ལ་ཡོད་པའི་ཁེ་བཟང་དེ་གཞན་ལ་སུས་ཀྱང་སྟེར་གི་མ་རེད། དོན་གྱི་ནོར་བུ་ཞིག་མི་འགའི་སྤྱི་ལ་བཞག་ནས་སུ་ལ་དགོས་ཞེས་དྲིས་ཚེ་ ཚང་མས་ང་ལ་དགོས་ཟེར་བའི་གནས་ལུགས་དེ་དང་གཅིག་མཚུངས་རེད། དེ་བས་བུད་མེད་ཚོར་མཁོ་བའི་རང་དབང་དང་ཐོབ་ཐང་དེ་བུད་མེད་ཚོས་འཐབ་རྩོད་དང་འགྲན་བསྡུར་བྱས་ནས་ལེན་དགོས་བ་རེད། གནས་ལུགས་དང་རྒྱུ་མཚན་བཤད་ནས་ལེན་དགོས་བ་རེད། 

འཐབ་རྩོད་དང་འགྲན་བསྡུར། གནས་ལུགས་དང་རྒྱུ་མཚན། རང་དབང་དང་ཐོབ་ཐང༌། འདི་དག་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་རྗེ་ཡི་གཏེར་ནའང་ཡོད་སྲིད་ཀྱང༌། ངས་བལྟས་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཤེས་རབ་ཀྱི་མཛོད་ན་ཡོད་རྒྱུ་རེད། གང་ལྟར་བོད་ཀྱི་ལུག་རྫི་ནོར་རྫི་ཚོ་དང་ཞིང་པ་རྒད་པོ་ཚོའི་རུམ་ན་བུད་མེད་ཚོའི་རང་དབང་དང་ཐོབ་ཐང་མེད་པ་གསལ་བོ་རེད། དེ་བས་ཁྱོད་རང་བོད་ཀྱི་བུད་མེད་ཚོའི་རང་དབང་འཐབ་རྩོད་པའི་འཐུས་མི་ཡིན། གཞན་ཡང་ཁྱོད་རང་ངའི་བུ་མོ་ཡིན་པས་ཁྱོད་ཀྱི་འོས་འགན་དེ་རང་དབང་འཐབ་རྩོད་དང། ང་རང་ཁྱོད་ཀྱི་ཨ་ཕ་ཡིན་པས་ངའི་འོས་འགན་ནི་ཐོབ་ཐང་སྲུང་སྐྱོབས་ཡིན། སྤྱིར་ནམ་ཡང་ངས་འཐབ་རྩོད་ཀྱི་ཕམ་ཁ་འཁུར་འདོད་མེད་ནའང་ངས་ཁྱོད་རང་འཐབ་རྩོད་འདི་ལས་རྒྱལ་ཐུབ་པའི་སྨོན་ལམ་རྒྱག་གིན་ཡོད། དེའང་ཁྱོད་རང་ཨ་ཕའི་ལོ་ལོ་ཁེར་མོ་ཡིན་པ་དེའི་བློས་བླངང་གིས་ངས་རང་གི་སྨོན་ལམ་གྱི་ཁ་ཕྱོགས་བསྒྱུར་བ་ཡིན། དེའང་ཁྱོད་རང་སྐྱིད་ན་ང་མ་སྐྱིད་ནའང་ཆོག་པའི་འདོད་འདུན་དེའི་དབང་གིས་ངས་རང་གི་སེམས་པར་ཨུ་ཚུགས་བྱས་པ་ཡིན། དེའང་ངས་རང་གི་མི་ཚེའི་ལྷག་མ་ཁྱོད་ཀྱི་མ་འོངས་བའི་རྩིག་གྱང་གི་རྨང་གཞིར་བཞག་ཏེ། ཡོད་ཚད་རང་རང་ནས་འགོ་བརྩམས་ཏེ་འགྲོ་དུས་ཁྱོད་རང་གཞན་གྱི་རྗེས་སུ་མི་ལུས་བའི་ཆེད་དུ་ཡིན། དེའང་ཁ་སང་དེ་རིང་ངས་ཁྱོད་ཁོ་ན་ལས་ཅི་ཡང་བསམ་གྱིན་མེད་པས་ཡིན། དྲང་མོར་བཤད་ན་མདང་དགོང་འུ་གཉིས་ཀས་ཁ་འཁོན་ཞིག་བྱས་བ་དེའང་ངས་ཁྱོད་ཁོ་ན་བསམ་པ་ཡིན། ཐམས་ཅད་ཁྱོད་རང་ཡག་ཚུལ་དང་ཁྱོད་རང་བཟང་ཚུལ་གྱི་སྐད་ཆ་རེ་གོ་ བའི་རེ་བ་ཡིན་ལ། སྐད་ཆ་དེ་དག་ནི་ངའི་བདེ་སྐྱིད་ཀྱི་འབྱུང་ཁུང་ཡིན། སྤྱིར་ཡོད་ཚད་ཁྱོད་ཁོ་ནའི་ཆེད་དུ་ཡིན་ལ་མདོར་བསྡུས་ནས་བཤད་ན་ཐམས་ཅད་ང་རང་གི་བདེ་སྐྱིད་ཀྱི་ཆེད་དུའང་ཡིན། རྒས་གཉེར་གྱིས་བཀབ་པའི་ངོ་གདོང་དང་ནག་པོ་ནས་དཀར་བོར་འགྱུར་བཞིན་སྐྲ་ལོ་སོགས་མཐོང་ན། ཐོབ་ཐང་བླངས་ནས་ང་ལ་དེའི་བདེ་བར་རོལ་བའི་དུས་ཚོད་ཀྱང་མང་པོ་མེད་པས།  ཨ་ཕའི་མི་ཚེའི་ལྷག་མ་ཡོད་ཚད་དང་ང་ལ་དབང་བའི་ཐོབ་ཐང་དེའང་ཁྱོད་ལའོ།

 

༢༠༠༧།༠༣།༠༨ ཕ་རེ་སི་ནས།

 

  • loading

  • loading

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།