ལེའུ་གཉིས་པ།

                                

ཁ་བ་འཚོའི་སྐྱེས་སྐར་ཐོག་མ།། ངའི་བདེ་སྐྱིད་ཀྱི་ནམ་ལང་དང་པོ།།

 

ཁ་བ་འཚོ། དྲང་མོར་བཤད་ན་ང་ཁྱོད་ལ་མི་དགའ་ན་སུ་ལ་དགའ། ཁྱོད་ཀྱིས་ཨ་ཕ་འགྲོ་ས་དེར་ངའང་འགྲོ་གི་ཡིན་ཞེས། ང་ཁོ་ནར་ཡིད་ ཆེས་ཀྱིས་རི་ཆུ་དང་གཙང་བོ་བརྒལ་ནས་ཡོང༌། ནམ་མཁའ་དང་སྤྲིན་པ་གཤགས་ནས་ཡོང༌། མི་མང་བོས་་བུ་མོ་འདི་ཅིའི་ལས་ཆེན་ཞིག་རེད་་ཟེར། ཁྱོད་ལ་ང་ལྟ་བུའི་ཨ་ཕ་ཞིག་ཡོད་པས་ཁྱོད་རང་ལས་ཆེན་ཡིན་ནའང་ཐང་མོད། ངས་ང་ལ་ཁྱོད་ལྟ་བུའི་བུ་མོ་ཞིག་ཡོད་པས་ང་རང་ ངོ་མ་ལས་ཆེན་ཞིག་རེད་འདོད་གི་ཡོད། ངས་ཁྱོད་ཀྱི་ཡིད་དུ་འོང་བའི་མཁུར་ཚོས་གཉིས་མཐོང་ཐེངས་རེར་མཆུ་སྦྱར་ནས་ཡུན་རིང་བསྡད་ན་འདོད། ངོ་མ་ང་ལ་ངོམ་ཆོག་ཆོག་གི་ཅ་ལག་ཅི་ཡང་མེད་ནའང༌། ཁྱོད་ཀྱིས་ཨ་ཕ་ཞེས་འབོད་བཞིན། གསར་དུ་སྐྱེས་བའི་མདུན་སོ་བཞི་བོ་བསྟན་ཏེ་ངའི་ཕྱོགས་སུ་གོག་ནུར་གྱིས་ཡོང་ཚེ། ངས་ང་ལ་འདི་ལས་ལྷག་པའི་ངོམ་རྒྱུ་ཞིག་ཅི་ལ་དགོས་འདོད་གི མཚམས་ལན་རེར་ངས་རང་གི་བསམ་ཐོག་ལ་མ་སོང་བའི་དོན་དག་མང་བོ་རྒྱུ་མཚན་དུ་བཀོད་ནས་ལས་དབང་ལ་འཁང་ར་བྱེད་གི་ཡོད་མོད། འུ་ཕ་བུ་གཉིས་འཕྲད་སྟངས་ཀྱི་ལས་དབང་འདིས་ང་རང་ཡིད་ཚིམ་ནས་ངས་ལས་དབང་ལ་ལའི་ངོ་སོ་བསྟོད་གི་ཡོད།

ཨ་ཕ། ཁྱོད་དངོས་ནས་ངའི་ཨ་ཕ་ཨེ་རེད། དྲི་བ་འདི་ནམ་ཞིག་ཁྱོད་ཀྱིས་ང་ལ་འདྲི་ན་ཐང་། ཡིན་ནའང་དྲི་བ་དེར་ངས་ལན་འདེབ་ཆོག་ཆོག་ཡིན། ང་རང་ཁྱོད་ཀྱི་ཨ་ཕ་ལས་ལྷག་བའི་ཨ་ཕ་དེ་ཡིན་ལ། ཁྱོད་རང་ངའི་བུ་མོ་ལས་ལྷག་པའི་བུ་མོ་ཡིན། འུ་གཉིས་ཁ་བ་དང་བུ་ཡུག་ངན་ས་ནས་གཅིག་གཅིག་ལ་འཐམ་ནས་ཡོང༌། འུ་གཉིས་ལས་ཚེགས་དང་ངལ་དུབ་ཆེ་ས་ནས་གཅིག་གིས་གཅིག་ལ་བཟོད་པ་སྒོམ་བཞིན་ཡོང༌། འུ་གཉིས་མྱི་ཁ་དང་ཉེན་ཁ་ཆེ་ས་ནས་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་བཞིན་ཡོང༌། དེ་བས་ང་ཁྱོད་ཀྱི་ཨ་ཕ་ཡིན་ལ་ཁྱོད་ངའི་ཞི་མོ་ཡིན། ངོ་མ་ང་ཁྱོད་ལ་དགའ་དྲག་བས།  ཁྱོད་ཀྱིས་དོན་གོ་མིན་ལ་མ་བལྟས་བར། ཁྱོད་ཁོ་ན་ངའི་སྙིང་གཏམ་དང་གསང་གཏམ་བཤད་ས་བྱས། མཚམས་ལན་རེར་ཁྱོད་ཀྱིས་ཅི་ཞིག་གི་དོན་གོ་སོང་བ་བཞིན་ཧབ་བགད་རེ་བྱས་ཚེ། ང་ངོ་མ་དགའ་ནས་ཤི་འགྲོ་གི ལན་རེར་ཁྱོད་ཀྱིས་ང་ལ་ཉན་མི་འདོད་བའི་རྣམ་ འགྱུར་རེ་བསྟན་ནའང༌། དེ་ནི་གཅིག་ནས་ཁྱོད་རང་ལོ་ན་ཆུང་བ་དང༌། གཉིས་ནས་གཉིད་ཀྱིས་མ་འདང་བར་ཁྱོད་རང་ཐང་ཆད་པ་རེད་ཅེས་ངས་ཁྱོད་ལ་ཀུ་ཡངས་སྟེར་གི་ཡོད། རང་གི་སེམས་ན་སྡུག་བསྔལ་རེ་ཡོད་

དུས། དབུགས་ཐེངས་གཅིག་གིས་ཚང་མ་ཁྱོད་ལ་བཤད་རྗེས། ཁུར་བོ་ལྗི་མོ་ལྗི་མོ་ཞིག་ཕྲག་ནས་བླངས་ཏེ་ས་ལ་བཞགས་པ་དང་འདྲ། ཡིན་ནའང་ལོ་ངོ་སོ་དྲུག་གི་སྡུག་བསྔལ་ཡོད་ཚད་ཁྱོད་ཁོ་ན་ལས་སུ་ལའང་བཤད་མ་མྱོངས། ཞིབ་འདང་རེ་བརྒྱབས་ན་ཁྱོད་ཨ་ཕའི་ལོ་ལོ་ཁེར་མོ་ཡིན་པས། བཤད་རྒྱུ་ཞིག་ཡོད་ན་ཁྱོད་ལ་མི་བཤད་པར་སུ་ལ་བཤད།  ང་རང་ཧ་ཅང་དགའ་སའི་ཁྱོད་ཀྱི་ཨ་མར་ཡང་ངས་སེམས་ཀྱི་ཡོད་ཚད་བཤད་ན་མི་འདོད་ཀི དེ་བས་ངས་ལོའི་ཆེ་ཆུང་ལ་མ་བསྟས་བར་ཁྱོད་ལ་རང་གི་སེམས་གཏམ་དང་སྡུག་གཏམ་ཡོད་ཚད་བཤད་ཀི་ཡོད། ཁྱོད་རང་ནར་སོན་ན་ངས་ཁྱོད་ལ་སྤྲེའུ་དང་སྲིན་མོའི་ལོ་རྒྱུས་ཀྱང་བཤད། དེ་ནི་ཉན་སྤྲོ་བའི་གཏམ་རྒྱུད་ཅིག་མིན་ནའང༌། ཤེས་དགོས་བའི་ལོ་རྒྱུས་ཤིག་ཡིན།

སྤྱིར་འུ་གཉིས་ལ་གཞན་དང་མི་འདྲ་བའི་ཕ་བུའི་གྲུབ་སྟངས་ཤིག་ཡོད་ནའང༌། ངས་དེ་ནི་འུ་གཉིས་ཀའི་བརྩེ་དུང་གི་གྲུབ་ཆ་ཐོལ་བ་ཞིག་ལ་རྩི་གི་ཡོད། གཅིག་བྱས་ན་ཁྱོད་རང་ལོ་ན་ཆུང་དྲག་པས། ངས་སྡུག་གཏམ་འདི་དག་བཤད་རྒྱུ་སྔ་དྲག་ཡོད་ནའང་ཐང་མོད། ཡིན་ནའང་ངས་ཁྱོད་ཀྱིས་རེ་མ་དོན་གོ་དགོས་ཞེས་བཤད་ཀི་མེད། ངས་ཁྱོད་ལ་སྡུག་གཏམ་བཤད་པ་དེ་ང་རང་ཇེ་ཡང་ལ་གཏོང་བའི་ཆེད་དུ་ཡིན།

འུ་གཉིས་ཀས་ཁྲོམས་སྲིང་ཉུལ་དུས། ལམ་འགྲོ་བ་མང་པོས་འུ་གཉིས་ཀྱི་འགྲོ་ལམ་བཀག་ནས།

བུ་མོ་འདི་ཅི་འདྲའི་ཡིད་དུ་འོང་ ཞེས་བཤད་ཐེངས་རེར་ང་ངོ་མ་དགའ་ནས་བསོ་འགྲོ་གི འུ་གཉིས་ཀའི་ནང་ནས་ཡག་ས་དང་སྐྱིད་ས་དེ་ངས་ནམ་ཡང་ཁྱོད་ཡིན་ན་འདོད

ལྟ་ན་སྡུག་པའི་བུ་མོ་ཆུང་ཆུང་འདི་སུ་རེད།

དེ་ཨེ་མ་ཁ་བ་འཚོ་རེད།

དེས་ཀྱང་བོད་སྐད་ཤེས་ནི་རེད།

ལོས་ཤེས། དེ་བྱ་ཁོག་ལོ་བྷེའི་ཞི་མོ་རེད།

གོང་གི་ཚིག་རྐང་འདི་དག་ངས་རྨིས་འདོད་པའི་རྨི་ལམ་ཡིན་ལ། དོན་ངོ་མར་བཤད་ན་ཁྱོད་ཀྱི་རྒྱན་ཆའང་ཡིན།

ཀ་ཁ་ག་ང་ཁྱོད་ཀྱི་རྒྱན་ཆ་ཡིན།།

སྦྲང་དཀར་རྩམ་པ་ཁྱོད་ཀྱི་ཁ་ཟས་ཡིན།།

A B C D ཁྱོད་ཀྱི་འཚོ་རྟེན་ཡིན།།

Sandwich ཁྱོད་ཀྱི་ལམ་རྒྱག་ཡིན།།

     

ངས་ཁྱོད་ལ་ཁ་སང་བཤད་ཟིན་པ་བཞིན། ངའི་མི་ཚེའི་ནང་ནས་ལོ་ངོ་སུམ་ཅུ་སོ་དྲུག་སོང་ཟིན་ནའང༌། འུ་གཉིས་ལ་ད་དུང་ ཁ་བརྡའི་དུས་ཚོད་ཡོད་ནི་རེད། སྐྱེས་བ་ལ་སྔ་གཞུག་ཡོད་ཀྱང་འཆི་བ་ལ་སྔ་གཞུག་མེད་ཟེར་ཡང༌། སྤྱིར་ང་ནི་ཁྱོད་ཀྱི་ལོ་རྒྱུས་དང་ཁྱོད་རང་ངའི་འབྱུང་འགྱུར་རེད། དེ་བས་ངས་རིན་ཐང་ཆུང་བའི་ལོ་རྒྱུས་ཤིག་ལས་རེ་བ་ཆེ་བའི་འབྱུང་འགྱུར་ལ་བསམ་བློ་གཏོང་དགོས་བ་ཤེས་ནི་རེད། ང་རང་དཀའ་སྡུག་གི་འཚོ་བའི་གཏིང་ཟབ་ས་ནས་འཕགས་སྟེ་ཡོང་བ་ཡིན་པས། ངས་ང་རང་ཡོང་ས་དེར་ཁྱོད་རང་མི་འགྲོ་བའི་སྨོན་ལམ་རྒྱག་གི་ཡོད། དེའང་ཕྱོགས་ཙམ་བཤད་ན་ང་རང་ལོ་བརྒྱད་ཡིན་དུས་ངའི་ཨ་མ་གྲོངས་སོང་བས། ངས་སྡུག་བསྔལ་གྱི་ནུ་རྭའི་ནང་ལ་མིང་སྲིང་ལྔའི་མིག་ཆུ་བླུགས་སྟེ་མི་ཚེ་ཞིག་གི་ལམ་རྒྱག་བྱས། གཞན་ཡང་མི་ལོ་ཉི་ཤུའི་མི་ཚེ་ཧྲིལ་བོར་གོ་མ་མྱོང་མ་བ་ཞིག་གོ་བར་དོགས་ནས། མཐོང་མ་མྱོང་བ་ཞིག་མཐོང་བར་སྐྲག་ནས། མིག་གཉིས་ཀ་བཙན་གྱིས་བཙུམ་ཞིང་རྣ་ཅོག་གཉིས་རང་གི་ལག་པས་བཀབས་ཏེ། ཀུང་ཁྲན་ཏང་ཁྲི་ལོ་བརྟན་པར་ཤོག་ཅེས་སྨོན་ལམ་གྱི་ལྡོག་ཕྱོགས་ནས་ལང་ཏེ་ཁ་གཡང་བོས། ཕྱིས་སུ་སྡུག་གི་ཁུར་བོ་བཟོད་པས་མ་ཐེག་པར་རང་དབང་གི་འཁོར་ཡུག་ཅིག་འཚོལ་ཕྱིར། རྩམ་སྐྱ་ཆུ་བརྫིས་ཀྱི་ཟླ་བ་འགའ་རི་བོ་ཧི་མ་ལ་ཡར་སྐྱབས་རྟེན་དུ་ཕུལ་ཏེ།  དུས་དེ་ནས་བཟུང་དོན་ལྔ་སྣོད་དྲུག་གི་ཕུང་བོ་འདི་རང་ལ་དབང་ཞིང་གཞན་ལ་སྡུག་བསྔལ་གྱི་བུ་ལོན་འཇལ་མི་དགོས་བའི་སྐྱབས་འཇུག་ཞུས། རང་ལ་སྐད་ངག་མེད་ཀྱང་གངས་རིའི་གླུ་བ་ཚོའི་ཕྱོགས་ནས་ལངས་ཏེ། སྐྲག་མི་དགོས་བའི་བདེ་འཇགས་ཀྱི་གྲུ་ཟུར་རེ་རེ་ནས།  ཤུལ་ལུས་ཀྱི་མིང་སྲིང་ཚོའི་བདེ་སྡུག་གི་ཆེད་དུ་བོད་རང་བཙན་གཙང་མ་ཡིན་ཞེས་བའི་སྨོན་ཚིག་འདི་གླུ་རུ་བླངས། ངས་ང་རང་ཡོང་ས་དེར་ཁྱོད་འགྲོ་མི་དགོས་བའི་སྨོན་ལམ་རྒྱག་དོན་ཡང་དེ་ཡིན། སོང་ཟིན་པ་ཚང་མར་ཕྱིར་ཡོང་མེད་ནའང༌། ཁ་བརྡའི་ཁྲོད་ནས་ཕྱིར་དྲན་བྱས་ན་སེམས་ན་ཞིང་ན་ནིང་དང་ད་ལོའི་བར་ན་སྐར་ཆ་གཅིག་ཀྱང་མེད་པ་ཤེས་ཀྱི་འདུག

      ཨ་རྡེལ་་གྱིས་ཁྱོད་རང་ཟླ་བ་གཉིས་ལ་གཉོར་རྗེས། ཁ་བ་འཚོས་རྗེས་སུ་ང་ཤེས་རྒྱུ་མ་རེད་ཟེར་བཞིན་སེམས་ཕམ་ནས་ཕྱིན་སོང༌།  ཟ་ཡས་ཁྱོད་རང་ཉིན་བཅུར་མ་མཐོང་བས་དྲན་གྱི་འདུག་ཅེས་ཁྱོད་ཀྱི་གོན་ལྭར་སྣོམ་ནས་བསྡད་འདུག འདི་དག་ཚང་མའང་ང་རང་ཁྱོད་ལ་དགའ་དགོས་བའི་རྒྱུ་མཚན་ཏག་ཏག་ཡིན། ཡིན་ནའང་ངས་ཁ་བ་འཚོས་བསམ་ཤེས་ཡོད་ཚུལ་གྱི་སྐད་ཆ་ཞིག་བཤད་ཚེ། བྱིས་པ་ གཞན་ཞིག་གི་ཨ་ཕའམ་ཨ་མས། ངའི་ཞི་མོའང་ཞེས་བྱིས་པ་གཞན་པ་དེ་ཁྱོད་དང་མཉམ་དགོས་བའི་གནས་ལུགས་བཤད་ཀྱིན་འདུག དེ་བས་ངས་ཁྱོད་ཀྱི་ཡོན་ཏན་ཡོད་ཚད་འདིར་འབྲི་གི་མེད། སྤྱིར་དེ་དག་ཚང་མ་ལོ་རྒྱུས་ཀྱི་རང་བཞིན་གལ་ཆེན་ཏག་ཏག་ཡིན་ནའང༌། ངས་ནམ་རྒྱུན་སུ་ཞིག་ལ་འགྲན་རྩོད་བྱེད་ན་མི་འདོད་གི

      ཁྱོད་ཀྱི་ན་མཉམ་བུ་མོ་ཚེ་རིང་ཆོས་སྒྲོན་དང་བསྟན་འཛིན་དཔན་སྒྲོན། བསྟན་འཛིན་མཚོ་མོ་སོགས་ནི་ཁྱོད་ལ་མཚོན་ན་མི་རིགས་ཤིག་གི་མ་འོངས་བའི་དོན་དག་ཡོད་ཚད་འཁུར་གྲོགས་ཡིན་པས། དེ་དག་ལ་འགྲན་རྩོད་བྱེད་དགོས་དོན་ཡང་མེད་གི་འདོད། སྤྱིར་མི་ཚང་མར་རང་རང་ལ་ཡོན་ཏན་མ་འདྲ་བ་རེ་ཡོད་པས། ཚང་མ་གཅིག་མཚུངས་ཡིན་དགོས་བའི་ངེས་བའང་མེད་གི་འདོད།  ཡང་ལ་ལས་ངའི་ཞི་མོར་སོ་བཞི་ཡོད་དང་ངའི་ཞི་མོ་གོམ་པ་སྤོ་ཤེས་སོགས་འགྲན་རྩོད་ཀྱི་ཆ་རྐྱེན་ཞིག་ལ་རྩི་གི་འདུག ངས་ལྟས་ན་དེ་ནི་དུས་ ཀྱི་སྔ་གཞུག་ཙམ་རེད་མ་གཏོགས་གཞན་ཅི་ཡང་མ་རེད། རྒྱུ་མཚན་ནི་ང་རང་གོམ་པ་སྤོས་ནས་ལོ་ངོ་སོ་གྲངས་འགོར་ནའང་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མ་མཐོང༌། དེ་བས་སྐད་ཆ་དེའི་རིགས་ངས་འདི་ནས་བཤད་མཚམས་འཇོག་གི་ཡིན།

      ལོ་འགའི་སྔོ་ནས་བཟུང་ངས་ང་ལ་ཁྱོད་ལྟ་བུའི་ལོ་ལོ་ཞིག་ཡོད་ན་འདོད་དེ་སྨོན་ལམ་བརྒྱབས་མྱོངས་ལ། ལོ་ལོ་དེའང་ཞི་མོ་ཞིག་ཡིན་ན་བསམ་མྱོངས། ཁྱོད་རང་ཞི་མོ་ཞིག་ཡིན་པས་ངས་ཁྱོད་ལ་དེ་ལྟར་བཤད་པ་མིན། སྤྱི་ཚོགས་རྙིང་བའི་སྐབས་སུ་རྐུན་མ་དང་ཇག་པའི་ ཁ་གཏད་དུ་ལང་ན་ཕོ་མོ་གཉིས་ལས་ཕོའི་སྙིང་སྟོབས་དང་ལུས་ཤུགས་ཆེས་བས། ཕོ་མཆོག་མོ་དམན་གྱི་ལྟ་བ་གྲུབ་ཀྱང༌། ད་ནི་ཡོད་ཚད་འགྱུར་ཟིན་ལ་ངས་ཁྱོད་རང་གསོས་བའང་རྐུན་ཇག་གི་ཁ་གཏད་དུ་བསམ་པ་མིན། དེ་ནི་སྐལ་བའི་དབང་གིས་ཡིན་ནའང་ཐང་མོད།  ཞི་མོ་ཚོས་ཕ་མར་གཅེས་བའི་སྤྱི་ཚོགས་ཀྱི་མཐོང་སྣང་ཞིག་གིས་ང་ལ་བཞག་པའི་ཚོར་སྣང་ཡིན། སྐད་ཆ་འདིའི་ཚིག་ཞོར་ན་མ་འོངས་བར་ཁྱོད་ཀྱིས་ང་ལ་གཅེས་དགོས་ཞེས་བའི་གབ་ཚིག་ཅིག་སྦས་ཡོད་པ་ལྟར་སྣང་ཡང༌། དེ་ནི་ངའི་སེམས་ཀྱི་ཡོད་ཚད་ཁྱོད་ལ་བཤད་འདོད་དེ་བཤད་ཕྱོགས་ལ་བསམ་བློ་མང་པོ་མ་བཏང་བར་གང་དྲན་དུ་བཤད་པས་ཡིན། གཞན་ཁྱོད་ཀྱིས་ང་ལ་གཅེས་མིན་དེ་ཁྱོད་རང་གི་སེམས་པའི་ཆེ་ཆུང་ལ་ཐུག་ཡོད་པས། ངས་ཁྱོད་ལ་གན་བྱོས་དང་འདི་བྱོས་ཞེས་བཤད་ན་མི་འདོད་གི དྲང་མོར་བཤད་ན་ངའི་མ་འོངས་བའི་རེ་བ་བྱེད་ས་དེ་ཁྱོད་ཁོ་ན་ཡིན་མོད། གལ་ཏེ་ཁྱོད་ཀྱིས་གནས་ལུགས་གཞན་ཞིག་བཤད་འདོད་ན་དེའང་ཁྱོད་ཀྱི་འདོད་པ་ལྟར་བྱོས་དང་ངས་ཁྱོད་ལ་ལས་བརྡ་ཅི་ཡང་མི་བྱེད། གང་ལྟར་ཁྱོད་རང་བདེ་ས་སྐྱིད་ས་ཞིག་ལ་འཕྲོད་སོང་ན་དེ་ནི་ངའི་བདེ་སྐྱིད་ངོ་མ་དེར་རྩི་གི་ཡོད།

      ཨ་ཕ་ཞེས་བའི་མིང་ཚིག་འདི་མི་མང་པོའི་ཁ་ནས་ཐེངས་མང་པོར་གོ་མྱོངས་ལ། ང་རང་གིས་ཀྱང་ཐེངས་མང་པོར་བཟློས་མྱོངས།  ཡིན་ནའང་དེ་ནི་ངས་མིང་ཚིག་དམིགས་བསལ་བ་ཞིག་རེད་འདོད་མ་མྱོང་མོད། ཁྱོད་ཀྱིས་ང་ལ་ཨ་ཕ་ཞེས་ཐོག་དང་པོར་བོས་བ་ནས་བཟུང༌། ངས་གཤེགས་ཟིན་པའི་ཨ་ཕ་ཞིག་ལ་དགོངས་དག་ཞུ་གི་ཡོད། ཁ་སང་དེ་རིང་ངའི་རྣ་ལམ་ནས་ཧ་ཅང་སྙན་པའི་མིང་ཚིག་དེ་ཨ་ཕ་ དང་ངའི་ངག་ལ་ཧ་ཅང་བདེ་བའི་མིང་ཚིག་དེ་ཨ་ཕའི་ལོ་ལོ་རེད། མི་རྐྱང་ཚོས་ཉན་ན་མིང་ཚིག་འདི་དག་ཆེས་སྤྱིར་བཏང་བ་ཞིག་གམ།  ཡང་ན་བསྐྱར་ཟློས་བྱེད་རིན་བྲལ་བའི་མིང་ཚིག་ཅིག་ཡིན་སྲིད་ཀྱང༌། ཉིན་ཞིག་ཨ་ཁུ་བྱ་བཏང་བ་ཚོ་མ་གཏོགས་ཚང་མས་མིང་ཚིག་འདིའི་དྲོ་བ་མྱང་གི་ཡིན་པས། ངའི་ཟིན་ཐོ་འདིར་ལྟ་འདོད་མེད་པའི་མི་རྐྱང་ཚོར་ངས་ལྟ་དགོས་བའི་ཨུ་ཚུགས་བྱེད་ཀི་མེད།

ཨ་ཕས་བསགས་པའི་རྒྱུ་ནོར་བུ་ལ་བྱིན་ན་བུས་བསགས་པའི་རྒྱུ་ནོར་ཚ་བོར་སྟེར་བའི་ཕ་བུའི་བརྩེ་འདང་བསམ་ཤེས་བྱེད་མ་ཐུབ་པར། བསགས་བསགས་ནས་ཟ་མི་ཤེས་བའི་མི་རིགས་འདིའི་ལུགས་སྲོལ་ཞེས་རང་གིས་ཐག་རིང་ཞིག་མཐོང་ཡོད་པའི་སྣང་བ་ཤར་མྱོངས་མོད། ཁྱོད་ཀྱིས་ང་ལ་དེ་ནི་བརྩེ་འདང་ཞིག་ལས་ལུགས་སྲོལ་ཞིག་མིན་པའི་འགྲེལ་བཤད་བྱས་སོང་བས། ཁྱོད་ཀྱིས་ང་ལ་སྤྲད་པའི་ཤེས་བྱའང་ཉུང་ཉུང་མིན།

ད་དུང་བཤད་རྒྱུ་ཞིག་ལ། ཁྱོད་ཀྱིས་མིག་གིས་མཐོང་ཚད་ཁ་ནང་ལ་འཇུག་གང་ཐུབ་བྱེད་པ་འདིས། ངའི་མིག་གཉིས་ཀའི་རང་དབང་འཕྲོག་གི་འདུག ངས་ཁྱོད་ཀྱི་ལག་ཐེ་ཆུང་ཆུང་གཉིས་ལ་ལྟས་ཏེ་བསྡད་ཡོད། ཨ་ཕའི་ལོ་ལོ་ཡིན། མཚམས་ལན་རེར་ང་ལའང་བསམ་ལོ་རེ་ཐོངས་དང༌། ཟིན་བྲིས་འདེབ་ན་མིག་གིས་ཀྱང་བལྟ་དགོས་བ་རེད། ངོ་མ་ཁྱོད་སྐྱེས་བ་ནས་བཟུང་ང་གསོན་པ་གཞན་དོན་དུ་གྱུར་ནས།  ཁྱོད་མ་གཏོགས་ང་ལ་ཅི་ཡང་མི་དགོས་ཞེས་བའི་སྐད་ཆ་དེ་དང༌། ང་ཁྱོད་ཁོ་ནར་དགའ་ཞེས་བའི་སྐད་ཆ་འདི་དག་ངས་མི་གཞན་པ་སུ་ལའང་བཤད་མ་མྱོངས། ངས་སེམས་པ་ལྷོད་ལ་བབས་ནས་འདི་ལྟར་བཤད་ན། བཤད་ཀྱིན་བཤད་ཀྱིན་ངས་ཁྱོད་རང་ལོ་གཅིག་ཡིན་པ་དེ་བརྗེད་འགྲོ་གི ངའི་སྣང་ངོ་ན་ཁྱོད་ཀྱིས་ང་ལ་ཉན་ནས་ཁུ་སིམ་མེར་བསྡད་འདུག མཚམས་མཚམས་ལ་འཆར་གཞི་དང་དམིགས་ཡུལ་ཅི་ཡང་མེད་པར་བསམ་བློ་རེ་བཏང་ན། ངའི་མིག་ལམ་ལ་ཁྱོད་རང་ཤར་ཡོང་གི་འདུག ད་དུང་ངའི་རྣ་ལམ་ན་ཁྱོད་ཀྱིས་གསལ་ལ་མི་གསལ་བའི་སྐད་ཆ་འགའ་བཤད་ཀྱིན་འདུག དེ་བས་ང་གང་ན་ཡོད་ན་ཁྱོད་དེ་ན་ཡོད་པས་འུ་གཉིས་ཀས་ཁ་བརྡ་ག་དུས་བྱེད་ཀྱང་ཆོག

ངས་ཁྱོད་རང་བྲང་ཁར་སྦྱར་ནས་བསྡད་ན་དབྱར་ཐོན་ཡང་བསིལ་མོ་བསིལ་མོ་ཞིག་རེད། དགུན་ཐོན་ཡང་དྲོན་མོ་དྲོན་མོ་ཞིག་རེད། གང་ལྟར་ཁྱོད་ཡོད་ན་ང་སྐྱིད་པོ་སྐྱིད་པོ་ཞིག་རེད།  ཁྱོད་མ་སྐྱེས་སྔོན་ལ་ངས་འདང་རྒྱག་ཆེ་དུས་ཆང་འཐུང་གིན་ཡོད་ལ༌། ངས་བསམ་བློ་གཏོང་དུས་དུ་བ་འཐེན་གྱིན་ཡོད། ཡིན་ནའང་ཁྱོད་ཡོད་ན་ང་ལ་ཆང་མེད་ན་ཆོག་གི ཆང་མེད་ན་ང་ལ་དུ་བའང་མེད་ན་ཆོག་གི སྤྱིར་བཤད་ན་ངའང་ཆོག་ཤེས་མེད་པའི་མྱི་འདོད་པ་ཆེན་པོ་ཅན་ཞིག་ཡིན། ངས་མེ་ཁལ་ལྗག་ཟན་གྱི་སྐད་ངག་གོ་ནས་ང་རང་ཁུ་བྱུག་སྔོན་མོ་ཡིན་ན་འདོད་མྱོངས། ངས་མེ་ཁལ་ཁྲར་ཟན་གྱི་ཤེད་ཤུགས་མཐོང་ནས་ང་རང་གླིང་ཆེན་སྨོན་པ་ཡིན་ན་འདོད་མྱོངས། ངས་ཉི་ཟླ་གཉིས་བར་ཐག་ཉེ་ན་འདོད་མྱོངས། ངས་རྒྱ་བོད་གཉིས་ཁ་ཐག་རིང་ན་འདོད་མྱོངས། ངས་མོའོ་ཙེ་ཏུང་ལ་མི་རིགས་ཀྱི་ལ་རྒྱ་བཤད་ན་འདོད་མྱོངས། ངས་ཟི་ཏ་ལེན་ལ་ལས་དགེ་སྡིག་གི་བསླབ་བྱ་རྒྱག་ན་འདོད་མྱོངས། ཡིན་ནའང་ཁྱོད་ཡོད་ན་ང་ལ་ཅི་ཡང་མེད་ན་ཆོག་གི 

      སྔོན་མ་ཡིན་ན་ཆམ་པ་ཆ་ངེ་ཆུང་ངེ་དེ་ངས་ཅི་ལའང་རྩི་གི་མེད།ཝ་ལ་དུག་ཕང་བ་བཞིན་ཨ་རག་བཙན་པོ་རེ་བཏུང་སྟེ་ཁ་ཡ་བྱེད་ཀྱིན་མེད། ཁྱོད་སྐྱེས་བ་ནས་བཟུང་ང་རང་ཆམ་པ་དེའི་རིགས་ལའང་སྐྲག་གི ངས་རང་ལ་ཕོག་པའི་ཆམ་པ་དེ་ཁྱོད་ལ་འགོ་བར་དོགས་ནས་བར་ཐག་ཅིག་འཛིན་དགོས་པས། དགའ་ས་དེའི་ཉེ་སར་འགྲོ་མི་ཉན་པ་ནི་ངོ་མ་དཀའ་མོ་དཀའ་མོ་ཞིག་རེད།

      ངས་ང་ལ་ལོ་ལོ་ཞིག་མེད་ཚེ་ཅི་ལྟར་བྱེད་འདོད་ནས་བསམ་བློ་བཏང་མྱོངས་ལ། ངས་ང་ལ་ལོ་ལོ་ཞིག་ཡོད་ཚེ་ཇི་ལྟར་གཉོར་འདོད་ནས་ཀྱང་བསམ་བློ་མང་པོ་བཏང་མྱོངས། ངོ་མ་མྱི་ཞིག་གི་མྱི་ཚེ་སྐྱོང་རྒྱུ་དེ་ལས་སླ་བོ་མིན་པ་སྔ་མོ་ནས་ཤེས་ནའང༌།  དཀའ་ངལ་མང་པོའི་ཞོར་ན་འདི་འདྲའི་བསོ་སྣང་ཞིག་ཡོད་པ་ངས་དེ་དུས་ཚོད་དཔག་བྱེད་མ་ཐུབ། བྷོ་རྡོ་བྷོ་རྡོ་དང་ཨ་ཝུ་ཨ་ཝུ་སོགས་མིང་ཚིག་འདི་དག་གིས་དོན་ཅི་ཡང་སྟོན་མི་ཐུབ་ནའང༌། ངས་ཁྱོད་ཀྱི་ངག་ལས་ཐོས་ཚེ་ཕ་རྒན་གྱི་ཡིད་སེམས་འགུག་པའི་སྙན་ངག་ཏག་ཏག་རེད།

ང་རང་དང་པོར་ཁྱོད་ཀྱི་ཨ་མར་ཐུག་དུས། མོས་ང་ལ་འཛུམ་མདངས་དང་བཅསང་ཁྱོད་ལ་དགའ་ཞེས་བ་དེའང་ངས་གབ་ཚིག་ཅིག་དུ་འཕྲུལ་ནས་རྣར་སྙན་པའི་ཚོར་བ་མ་བྱུང་མོད། ཁྱོད་ཀྱི་འཛུམ་མདངས་དེའི་ནང་ན་ཁེ་བཟང་ཟ་འདོད་ཀྱི་དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར། ང་རང་ཁྱོད་ཀྱི་ཨ་ཕ་ཡིན་པ་དེ་ཁོ་ན་རྒྱུ་མཚན་དུ་བྱས་ཡོད་པས། ངས་ངོ་མ་དེ་ནི་ང་ཁྱོད་ལ་དགའ་ཞེས་བའི་ཚིག་འབྲི་འདི་དག་གི་གོ་དོན་ལོས་ཡིན་འདོད་གི གཅིག་བྱས་ན་ཁྱོད་ཀྱི་འཛུམ་མདངས་དེ་ལའང་འོ་མ་ནུ་རྭ་གང་ལེན་འདོད་ཀྱི་འཆར་གཞི་ཡོད་སྲིད་ཀྱང༌། ལོ་ཚད་དང་བསྡུར་ན་ཕལ་ཆེར་ཁྱོད་ཀྱི་བྱིས་བློ་དེ་ད་དུང་དྭངས་གཙང་ཡིན་ངེས། ངས་ཀྱང་ཁྱོད་ཀྱི་ཨ་མ་དང་ཡང་ན་མོ་དང་འདྲ་བའི་བུ་མོ་མཛེས་མ་ཚོ་མཐོང་ན་ང་ཁྱོད་ལ་དགའ་ཞེས་བའི་ཚིག་ཀ་འདི་སེམས་ལ་དྲན་གྱིན་ཡོད། དེ་ལ་དེ་དུས་ཀྱི་དམིགས་ཡུལ་དང་འཆར་གཞི་ཡོད་ལ།  ད་དུང་ཟ་འདོད་ཀྱི་ཁེ་བཟང་ཞིམ་པོ་ཞིམ་པོ་དེའང་ཡོད། དེ་བས་མི་ཚེའི་འཕྲེང་ལམ་རྒྱུད་དུས་སྐད་ཆ་སྙན་མོ་སྙན་མོ་འདིའི་རིགས་ལ་སེམས་ཆུང་དང་ཉན་ཤེས་བྱོས། ཨ་ཕའི་ལོ་ལོ་ཡིན།

ལོ་ཆེས་བ་ཙམ་གྱིས་བསམ་ཤེས་མིན་ནའང༌། མི་ཚེའི་རྒྱུད་རིམ་ལས་ཐོབ་པའི་ཉམས་མྱོང་མང་པོ་ཞིག་ངས་ཁྱོད་ལ་བཤད་ན་འདོད། ཡིན་ནའང་ཁྱོད་ཀྱི་སེམས་པ་དྭངས་མོ་དྭངས་མོ་དེའི་ངོས་སུ་ཕབས་པའི་ཕ་རྒན་གྱི་བསླབ་བྱ་དེས་ཁྱོད་ལ་ཕན་མི་ཐོག་ཀྱང་གནོད་མི་བྱེད་པའི་ཆེད་དུ། ཚིག་རྐང་རེ་རེ་ལའང་ངས་རང་གི་བློས་དཔག་ཚོད་ཀྱིས་བསམ་བློ་གཏོང་གིན་ཡོད། ཕ་མ་གཉིས་ནི་བྱིས་པ་ཚོའི་ལུང་གི་རྒྱབ་རྟེན་ཡིན་པས་ངས་དེ་ལ་བསམ་གཏོང་དགོས་བ་ལོས་ཤེས། དེ་ཡང་ངས་འདིར་བཤད་འདོད་པ་ནི། རང་ཉིད་ལ་གཤོག་པ་མེད་ན་གཞན་གྱི་གཤོག་པ་གཡར་ནས་གནམ་ལ་འཕུར་ཡང་ཕྱིར་ས་གཞིར་འབབ་དུས་སེམས་ཁུར་ཆེ་བས། ཁྱོད་ཀྱིས་ཕུགས་རྒྱང་རིང་བའི་ཕ་མཐར་ར་བ་བྱོས་དང༌། ཨ་ཕས་ཁྱོད་ལ་ནུས་བས་འདང་ཚོད་ཀྱིས་མཐུན་རྐྱེན་བསྒྲུབ།

ངས་མགོ་བཀྱག་ནས་ནམ་མཁར་ལྟ་ཐེངས་རེར། ནམ་མཁའི་སྨིན་དྲུག་ཁྲ་མོ་དེ་ཁྱོད་ཡིན་ན་འདོད། འུ་ཕ་བུ་གཉིས་ལ་གནམ་ས་ལྟ་བུའི་བར་ཐག་ཡོད་ན་མི་འདོད་ཀྱང༌། ཁྱོད་ཀྱི་མི་ཚེ་འདི་འོད་ཀྱི་ལེར་ནམ་མཁའ་ནས་འཚེར་ན་འདོད། ངས་ཆང་འཐུང་འགའ་དང་མཉམ་དུ་ནམ་མཁར་ལྟ་བཞིན། སྐར་མ་འོད་ཆེན་གན་ངའི་ཡིན་ཞེས་ཁྱི་ལབ་རེ་བརྒྱབས་ཏེ་ངའི་མི་ཚེའི་མཇུག་འོདསྣང་གིས་བསྡུ་ན་འདོད། དེ་དུས་ནམ་མཁར་བལྟས་ནས་ཁྱོད་ལ་ཡིད་སྨོན་དང་རེ་བ་བྱེད་མཁན་ང་གཅིག་པུ་ག་ལ་ཡིན། གདོང་དམར་བ་ཁྱུ་ཞིག་གིས་ཁྱོད་ལ་གངས་རིའི་ལྷ་མོ་དང་གངས་ལྷ་མེ་ཏོག ཨ་ཅེ་འོད་ཆེན་སོགས། གཅེས་མིང་སྣ་མིན་སྣ་ཚོགས་བཏགས་ནས་དུས་རྟག་ཏུ་ཁྱོད་རང་མགྲོན་ལ་འབོད་ངེས།  ངས་འདི་ལྟར་སྟོང་འདང་ཏག་ཏག་བརྒྱབས་ནས་མདང་མཚན་གང་བོར་གཉིད་མ་ཐུབ། ངས་སྟོང་འདང་གི་ཞིང་ནས་ཁྱོད་ལ་འདི་ལྟར་སློབ་གསོ་བཏང༌། སྤྱིར་འཛམ་གླིང་ཧྲིལ་བོར་ཉིན་སྲུབ་ཀྱི་དབྱེ་བ་མེད་ནའང་འོད་ཀྱི་དཀར་ས་དེ་གངས་རིའི་ཡུལ་ལ་གཏད་དགོས། ཁྱོད་ རང་ནམ་མཁའི་སྨིན་དྲུག་ཁྲ་མོ་དེ་ཡིན་དགོས་དོན་ཡང་དེ་ཡིན།

ཁྱོད་ཀྱིས་འབྲི་མར་སེར་བོས་ཁ་རྒྱན་བཏག་པའི་འོ་ཇ་དཀར་ཡོལ་གང་ལག་པ་གཉིས་ཀས་བཀྱགས་སྟེ། ངག་འཇམ་པོས་ཨ་ཕ་ཇ་འཐུང་ཞེས་ཞུ་བ་བྱེད་སྐབས་ངའང་ནམ་མཁའི་སྨིན་དྲུག་ཁྲ་མོ་དེ་མིན་ཡང༌། འཛམ་གླིང་གི་ཨ་ཕ་འཛུམ་མདངས་ཅན་ཞིག་ཡིན་ངེས། དེ་དུས་ ངས་ད་ཧྲ། ད་ཧྲ་ཟེར་བཞིན་རང་གི་ཆང་འཐུང་རོག་པ་ཚོའི་གདོང་ལ་བལྟས་པས། མིག་ཟུང་གི་གཏིང་ཟབ་སར་སྦས་བའི་འཛུམ་མདངས་ཤིག་གིས་གྲོགས་པོ་ཚོའི་ཡིད་སྨོན་བཀུགས། ཁྱོད་ཀྱི་ཉེ་འཁོར་ན་ལོག་ལ་ཁུལ་གྱིས་འགྲོ་བའི་གྲ་བ་ཚོས་ཁྱོད་གཅིག་པུའི་སྟེང་ནས་ལོག་ དགོས་བའི་རྒྱུ་མཚན་མང་པོ་མཐོང་སྟེ། དེ་རིང་གི་འཚོ་བ་ཁ་སང་ལས་ཀྱང་ཐེ་ཚོམ་ཅན་དུ་གྱུར་ཞིང༌། ཁྱོད་རང་གྲ་ལོག་ཅིག་གི་འཐོབ་བྱ་མིན་པ་ཤེས་བཞིན་དུ། དམ་པ་ཞིག་གི་མདུན་ནས་མ་བསམ་པར་བཞག་པའི་དམ་བཅའ་ལྗི་མོ་དེ་ཡིད་ལ་འཁོར་ནས། ཕ་མ་གཉིས་ཀས་གོ་སྒྲིག་བྱས་པའི་ཁོང་གི་མི་ཚེའི་འདུས་ཟིན་པའི་ཆ་ལ་འགྱོད་པ་སྐྱེས་ཤིང་ཚིགས་པ་ཟས། དེ་དུས་ངས་དོན་དག་ཅི་ཡང་མེད་ཀྱང་ཁྱོད་རང་ངའི་ཞི་མོ་ཡིན་པའི་བརྡ་ལ་ཁ་བ་འཚོ། ཨ་ཕའི་ལོ་ལོ་ཞེས་སྐད་མཐོན་པོས་ཐེངས་འགར་འབོད་ན་འདོད།

སློང་ཆང༌། ཉེ་ཆང༌། རྟེན་འབྲེལ་གྱི་ཆང་སོགས། ཆང་ཕང་མང་པོ་ཁ་བཏགས་དང་མཉམ་དུ་ངའི་འཇིག་རྟེན་ལ་ཆར་དུ་བབས་ཀྱང༌། ངས་ མིག་གཉིས་བཙུམ་ནས་མིན་ཟེར་བཞིན་མགོ་བོ་དང་ལག་པ་མཉམ་དུ་གཡུག་ངེས་ཡིན། ངོ་མ་ཡིན། ཁྱོད་སྐྱེས་བ་ནས་བཟུང་ངས་མེ་ཏོག་ལྟ་བུའི་ན་ཆུང་མ་ཚོར་སེར་སྣ་དང་སེམས་ཆུང་བྱེད་དགོས་བ་ཤེས་སོང༌། ཡང་དེ་དུས་གྲོགས་པོ་ལ་ལས་ཁྱོད་ཀྱི་གནས་བདག་བཟང་ཚུལ་དང༌།  ཆང་ཕང་མང་ཚུལ། ཁྱོད་རང་ལོ་ན་ཆུང་བས་ཕ་རྒན་གྱིས་འགན་ཁྱེར་དགོས་ཚུལ། གོ་སྐབས་འདི་འདྲ་འཕྲོ་བརླག་ལ་གཏོང་མི་ཉན་པས་དེ་ལ་བསམ་བློ་གཏོང་དགོས་ཚུལ་སོགས། ཁྱོད་རང་གནས་ལ་སྟེར་དགོས་བའི་གནས་ལུགས་མང་པོ་བཤད་ན་ཐང༌། ཡིན་ནའང་ངས་ཁྱོད་ཀྱི་རང་དབང་ལ་གནོད་པ་བྱེད་མི་ཉན་པའི་གནས་ལུགས་དེ་འུ་ཚང་ལ་ཁྱོད་ཀྱི་ཨ་མ་ཡོང་བ་ནས་བཟུང་ངས་ཤེས་ཡོད།

༢༠༠༧ལོའི་ཟླ ༠༡ ཚེས ༠༨  ཉིན་ ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་ཁ་བ་འཚོའི་སྐྱེས་སྐར་ཐོག་མའི་རྟེན་འབྲེལ་དུ་ཨ་ཕས་བསོ་སྣང་གིས་བྲིས་ཏེ་འཛུམ་མདངས་ཀྱིས་བཏོན།

 

 

 

  • loading
  • #2

    jeethartsering (Saturday, 10 July 2010 02:18)

    ལུང་སྐད་ཉུང་ཙམ་བཀོལ་རོགས།

  • #1

    གློག་ཞགས། (Thursday, 24 December 2009 19:44)

    ཁྱེད་ཀྱི་བརྩམས་ཆོས་འདི་ལས། ངས་རྩོམ་རིག་ནི་སྨྱུ་གུས་འབྲི་དགོས་པ་ཞིག་མིན་པར་མི་ཞིག་གིས་རང་ཉིད་ཀྱི་ནང་ཁྲོད་ཕྱིར་མངོན་བྱེད་པའི་སེམས་པའི་དྭངས་ཚད་ཡིན་པ་དེ་ཤེས་ཡོང་།