ལེའུ་ལྔ་བ།

 

ཁ་བ་དང་སྙན་ངག་མཉམ་དུ་བབས།། ངོ་གདོང་དང་སེམས་པའི་ཁ་མདོག་བརྗེས།།

 

ལོ་ངོ་དུ་མའི་རིང་ལ་ངའི་ངོ་གདོང་སྨུག་པོ་འདི་སྡུག་བསྔལ་གྱི་བཞུར་ལམ་བྱས་པས། ཕོ་ལོ་ཉི་ཤུའི་ལང་ཚོ་རྒས་གཉེར་གྱིས་བཀབ་པའི་ངོ་གདོང་ལ་འཛུམ་མདངས་གསར་བ་ཞིག་ཤར་བའི་རེ་བ་སུས་ཀྱང་བྱས་མེད་མོད། ཁ་བ་དང་སྙན་ངག་མཉམ་དུ་བབས་པས་ངའི་ངོ་གདོང་དང་སེམས་པའི་ཁ་མདོག་བརྗེས།

ངས་བཤད་པ་ཚང་མ་སྙིང་གཏམ་ཏག་ཏག་ཡིན་པས་ཚིག་རྐང་རེ་རེ་ལ་ཞིམ་ཤ་ལྡན། ངའི་སྙིང་གཏམ་ཚང་མ་སྙན་ངག་ཡིན་པས་སུས་ཉན་ཡང་རྣ་ལ་སྙན། རྣར་མི་སྙན་པའི་སྙིང་གཏམ་ཡང་ཡོད་དེ། དེ་ནི་ཚེ་ཆད་རྒྱུ་མ། སེམས་ཆུང་བྱོས། ངོ་རྫོགས་རྒྱུ་བོ། འབད་པ་བྱོས་ལྟ་བུ་རེད། འདི་ལྟ་བུའི་རྣར་མི་སྙན་པའི་སྙིང་གཏམ་མང་པོ་ཡིག་རྨོངས་རྩྭ་ཐང་ན་རྒྱུན་འཇག་ཡིན། སྤྱིར་ཁ་གཡང་ཞིག་ལ་རིན་ཐང་ཅི་ཡང་མེད་པ་ཤེས་ནའང་ཁ་ཉེས་ཤིག་གི་ཡག་ཉེས་ལ་བལྟ་འདོད་མེད་པས། ཁ་བ་འཚོ། ཚེ་རིང་རྒྱུ་མ། མི་ཚེ་ལ་སེམས་ཆུང་དང་སློབ་སྦྱོངས་ལ་འབད་པ་བྱོས་ཞེས། ཡོད་ཚད་བཟང་ཕྱོགས་ནས་མགོ་བརྩོམ་པའི་གྲ་སྒྲིག་བྱས།

མེ་ཏོག་ནི་དཔྱིད་མགོ་མའི་སྐེ་རྒྱན་ཡིན་ལ། ན་ཆུང་མ་ཚོས་རང་ཉིད་དགའ་སའི་དགའ་བོ་ཐོག་མ་དེར་གནང་བའི་ལེགས་སྐྱེས་ཐོག་མའང་ཡིན། མེ་ཏོག་ནི་སུས་བལྟས་ཀྱང་ཡིད་དུ་འོངས་ལ་ལྟ་ན་སྡུག ཁྱོད་ནི་ངའི་སེམས་ངོགས་ནས་སྐྱེས་བའི་ཁ་བའི་མེ་ཏོག་སྟེ། སུ་ཞིག་གི་བསོད་ནམས་ཀྱིས་མ་ཐེག་པར་ངའི་བགོ་སྐལ་དུ་ལྷུང་བའི་སྙན་ངག་གི་ཁ་ཏོག་ཡིན། ཁ་བ་འཚོ། ཁྱོད་ཨ་ཕའི་ལོ་ལོ་ཡིན་ལ་ཁྱོད་ཨ་ཕའི་སྙན་ངག་ཀྱང་ཡིན།

མཚམས་ལན་རེར་ངས་རང་གི་ཡོད་ཚད་བཞག་ནས་ག་རིང་ཐག་རིང་ཞིག་གམ་ཡང་ན། ཁ་ཕྱོགས་མེད་པར་མུ་མཐུད་དུ་འགྲོ་ན་འདོད།  ཡིན་ནའང་གཅེས་ཕྲུག་མ་ཆུང་ཆུང་ཞིག་གིས་ཨ་ཕ་ཞེས་འབོད་བཞིན་མིག་ཟུང་གིས་སྒོ་ཁར་བལྟས་ཏེ་བསྡད་ལོས་ཡོད་བསམ་ན། ངས་རང་ཉིད་ལ་བསྒྱུར་བཅོས་ཅི་ཡང་བྱེད་མི་ཐུབ་གི། མཚམས་ལན་རེར་བླུན་འདང་རེ་བརྒྱབས་ན། ཕ་མ་གཉིས་ཀས་བ་ཚོད་ཐུབ་ཚོད་ཀྱིས་ལོ་ངོ་བཅོ་བརྒྱད་ལ་གཅེས་བའི་གཅེས་ཕྲུག་མ་ཚོས་རང་རང་ལ་འབབ་འོས་བའི་གཅེས་སྐལ་དག་འཁྱེར་ཏེ་བསླར་འཇལ་གྱི་སྨོན་ཚིག་ཙམ་ཡང་མི་ཞུ་བར། དེ་རིང་ནས་ཁྱོད་གཉིས་ཀྱི་འགར་ཁུར་འགྲུབ་སོང་ལ། ང་ལའང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་ཞེས། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཁ་ངོ་མཛེས་ཤིང་ཁ་རྒྱབ་སྐྱིད་པའི་འཚོ་བ་དེ་དག་ཡོད་ཚད་ཁྲིམས་ལུགས་ཤིག་གི་རིན་ཐང་ལ་བཀུག་ནས་མ་འོངས་བའི་འཚོ་བར་སྟོང་སེམས་སྐྱིད་པོ་རེ་བཅིང་ནས་བུད་འགྲོ་བ་དེ་དག་མཐོང་ན། ང་ཁྱོད་ལ་དགའ་དགོས་བ་ངའི་འགན་ཁུར་དང་ངས་ཁྱོད་ལ་གཅེས་དགོས་བ་ངའི་ལས་དབང༌རེད། ངས་ཁྱོད་ལ་རང་གི་ཡོད་ཚད་འབུལ་དགོས་བ་རང་གི་བུ་ལོན་ཡིན་པར་སྣང༌ཡང། བསམ་བློ་བཏང་བཏང་མཐར་ཁ་སང་བཞིན་མགོ་བོ་སྒུར་ནས་རང་སར་འབབ་དགོས་བ་རང་གི་ལོབ་ཕྱོགས་སུ་སོང༌། ངས་ངོ་མ་བཤད་ན། མཚམས་ལན་རེར་ངས་ང་རང་ཅི་ཞིག་གི་དོན་དུ་འཚོ་བ་མི་ཤེས་གི རང་གི་འཚོ་བ་ལ་ཁ་དོག་མེད་པའི་ཁར་མ་འོངས་བར་རེ་བ་ཅི་ཡང་མེད་པ་ཤེས་བཞིན་དུ་ད་དུང་མུ་མཐུད་དུ་འདི་ལྟར་ཨུ་ཚུགས་བྱེད་དགོས་དོན་མི་འདུག་པས། མཚམས་འདི་ནས་མཚམས་བཞག་ན་མི་འགྲིག་གམ་ཞེས་ངས་ང་ལ་ཡང་ཡང་དྲིས་ན་ཡང༌། དྲིས་ལན་གཅིག་གིས་ང་རང་ད་དུང་འཚོ་དགོས་བའི་གནས་ལུགས་འདི་ལྟར་བཤད། ཁ་བ་འཚོ་ད་དུང་ལོ་ན་ཤིན་ཏུ་ཆུང༌ལ། ཁ་བ་འཚོའི་ཨ་མ་ན་ནས་ལོ་ངོ་གཅིག་ལྷག་སོན་ནའང་ད་དུང་རང་གི་འགྲོ་འདུག་མི་ཐུབ་པས། དེང་སྐབས་ཁོ་གཉིས་ལ་ཁྱོད་རང་ཤིན་ཏུ་མཁོ་བའི་དུས་སྐབས་དེ་ཡིན་པས་བསམ་བློ་མང་པོ་མ་གཏོང༌། མགོ་སྒུར་ནས་ལས་ཀར་སོང་ཟེར།  ངས་ཁ་ཏོག་མེད་པའི་འཚོ་བ་ཞིག་ལ་སེམ་གསོ་དང་སེམས་ཤུགས་སྤྲོད་བཞིན་མི་མང་གི་མདུན་ནས་བཙན་གྱིས་བཙུར་བའི་འཛུམ་མདངས་བཅོས་མ་ཞིག་སྟོན་བཞིན་ད་དུང་མུ་མཐུད་ནས་ལས་ཀར་འགྲོ་བཞིན་ཡོད། གཡས་གཡོན་གྱི་ལམ་འགྲོ་བ་དག་ལ་བལྟས་ན་ཚང་མས་ངོ་གནག་ནས་ཅི་ཞིག་ལ་སེམས་ཁུར་བྱེད་བཞིན་འདུག་པས། དེ་དག་ལའང་སྐྱུར་མི་ཐུབ་པའི་བུ་མོ་ཆུང་ཆུང་ཡིད་དུ་འོངས་བ་ཞིག་དང་ལོ་མནར་ཟླ་མནར་གྱི་འགྲོ་ཡ་འདུག་རོགས་རེ་མེད་དམ་བསམ། དེ་བས་ངས་རང་ཉིད་ཀྱང་འགྲོ་སྟངས་འདིའི་ནང་ནས་བརྒལ་མི་ཐུབ་པ་ཤེས་ཏེ་ཁྱོད་རང་པང་ལ་ཉར་ནས་སྙན་ངག་འབྲི་བཞིན་ཡོད།

 

 

ཨ་ཕའི་ལོ་ལོ་གཉིད་ལ་སྡོད

         ཨ་ཕས་སྨྱུག་ཁ་སྐོར་གི་ཡོད

         ཨ་ཕས་སྙན་ངག་འབྲི་ཡི་ཡོད

         ཨ་ཕས་ཁྱོད་ལ་སྒྱུ་རྩལ་གྱི་ཕོ་བྲང་ཞིག་བཞེང་གི་ཡོད

ཨ་ཕའི་ལོ་ལོ་གཉིད་ལ་སྡོད

         ཨ་ཕས་གྲོ་ཕྱེ་བརྫི་ཡི་ཡོད

         ཨ་ཕས་བག་ལེབ་འཚོང་གི་ཡོད

         ཨ་ཕས་ཁྱོད་ལ་གསེར་གྱི་རྣ་ལུང་ཞིག་ཉོ་ཡི་ཡོད

ཨ་ཕའི་ལོ་ལོ་གཉིད་ལ་སྡོད

         ཨ་ཕས་ཆབ་སྲིད་བཤད་ཀི་ཡོད

         ཨ་ཕས་རང་བཙན་རྩོད་ཀི་ཡོད

         ཨ་ཕས་ཁྱོད་ལ་རང་དབང་གི་ཁོར་ཡུག་ཅིག་འཚོལ་གི་ཡོད

ཨ་ཕའི་ལོ་ལོ་གཉིད་ལ་སྡོད

         ཨ་ཕས་ཀླད་པ་འགུལ་གི་ཡོད

         ཨ་ཕས་བསམ་བློ་གཏོང་གི་ཡོད

         ཨ་ཕས་ཁྱོད་ལ་རྩེས་རོག་ཆུང་ཆུང་ཞིག་ལས་ཀི་ཡོད

ཨ་ཕའི་ལོ་ལོ་གཉིད་ལ་སྡོད

         ཨ་ཕས་བོད་སྐད་བཤད་ཀི་ཡོད

         ཨ་ཕས་བོད་ཡིག་ཀློག་གི་ཡོད

         ཨ་ཕས་ཁྱོད་ཀྱི་མི་ཚེ་ལ་དབུ་འཁྱིལ་ཆུང་ཆུང་ཞིག་འབྲི་ཡི་ཡོད

ཨ་ཕའི་ལོ་ལོ་གཉིད་ལ་སྡོད

         ཨ་ཕས་ང་རྒྱལ་སྤང་གི་ཡོད

         ཨ་ཕས་ཕྲག་དོག་དོར་གི་ཡོད

         ཨ་ཕས་ཁྱོད་ཀྱི་ཨ་ཕར་བཟོ་བཅོས་གསར་བ་ཞིག་རྒྱག་གི་ཡོད

 

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།