ཁོའི་ཕ་རྒན་ད་དུང་ངུ་བཞིན་འདུག།
གཅིག།
དཔའ་འབྱོར་ཚེ་རིང་ནི་གཟུགས་སྟོབས་ཆུང་ལ་བལྟས་མདོག་མེད་པའི་ལུག་རྫི་ཆུང་ཆུང་ཞིག་ཡིན། ལོ་དེར་ཁོས་སྡེ་བ་ཞོལ་མའི་དཔའ་རྒོད་ཅིག་གི་མགོ་ལ་རྨ་ཁ་ཆུང་ཆུང་ཞིག་བཟོས་བ་དེས་ཁོ་རང་ས་སྤྱི་ལེ་གྲུ་བཞི་མ་བརྒྱའི་ནང་ནས་མིང་དུ་གྲགས་ཤིང་། ཞི་རྒན་མ་ཀླད་སྟོང་ཚོས་ཀྱང་ཁོའི་འོག་ནས་ཐེངས་གཅིག་ལ་ཉལ་བའི་གོ་སྐབས་འཚོལ་བཞིན་ཡོད། རྒྱུ་མཚན་དེ་དག་གིས་ཁོའི་སྣང་བ་ཇེ་མཐོར་སོང་ནས་རྐང་བ་ས་ལ་ཐུག་གིན་མེད། ཁོའི་སེམས་སུ་འཛམ་གླིང་གི་བཞི་ཆའིིི་གཅིག་ཁོ་ལ་དབང་བའི་སྣང་བ་ཤར། ལོ་གཅིག་གི་སྔོན་ལ་ཕ་མ་གཉིས་ཀས་ཁོ་ལ་བཙལ་བའི་ཆུང་མ་དུང་མཚོ་སྐྱིད་ཀྱིས་ཁོ་རང་ཕྱི་ལ་འགྲོ་སྐབས་ལུག་ལྷས་མཚམས་སུ་སྐྱེལ་མ་བྱེད་ལ་ཁོ་ཕྱིར་ཡོང་སྐབས་ཀྱང་ལུག་ལྷས་མཚམས་སུ་བསུ་བར་འགྲོ། ཟ་མ་ཞིང་པོ་ལས་བའི་ལག་རྩལ་ལྡན་པའི་ཁར་མོས་ལོག་སྐོར་ལ་འཐག་པའི་རྩམ་པའི་དྲོ་བ་ནི་སྡེ་བ་འདིར་སྐད་གྲགས་ཆགས། ལྷགས་པར་དུ་མགྲོན་པོ་སླེབས་ཚེ་འཛུམ་མདངས་ཀྱིས་བསུ་ལ་མགྲོན་པོའི་མཐོང་སར་རང་གི་ཁྱོ་གར་གུས་བཀུར་གྱི་རྣམ་པ་ནམ་རྒྱུན་ལས་ཀྱང་དོད་པོ་ཡིན། ཡིན་ནའང་དཔལ་འབྱོར་ཚེ་རིང་མགྲོན་པོ་དག་གི་མདུན་ནས་སྐད་ཆ་རྒྱ་ཆེན་བཤད་རྒྱུར་གོམས་ཡོད། ཉིན་དེར་ཡང་ཁོའི་གྲོགས་པོ་འགའི་མདུན་ནས་སྟོང་ལབ་བརྒྱབ། ད་ནི་ཆུང་མ་བརྗེས་རན་རེད། བརྒྱ་ཡི་ནང་ནས་འདེམས་ཀྱི་ཡིན། བརྒྱད་ཀྱི་ནང་ནས་ལེན་གི་ཡིན་ཟེར་བཞིན་རང་ཉིད་ཆེན་པོ་ཆེན་པོ་ཞིག་ཡིན་མདོག་བསྟན། ད་དུང་མགྲོན་པོ་དག་སོང་ཤུལ་ནས་ཀྱང་ཆུང་མའི་ངོར་བལྟས་ནས་ཁྱོད་ང་ལ་མི་དགོས། ཁྱོད་ངའི་ཨ་ཕའི་ཆུང་མ་ཡིན་ནམ་ངའི་ཨ་མའི་ཆུང་མ་ཡིན། གང་ལྟར་ངའི་ཆུང་མ་མིན་ཞེས་ངོ་མཚང་དྲིས། མགྲོན་པོའི་མདུན་ནས་རང་ཉིད་བསྟོད་ཅིང་ཆུང་མ་སྨད་པ་ནི་ཐེངས་གཅིག་ག་ལ་ཡིན། དུང་མཚོ་སྐྱིད་ཀྱིས་མིག་ཆུ་ཕྱི་བཞིན་མགོ་སྒུར་ནས་བསྡད། མོའི་སེམས་སུ་དུང་མཚོ་སྐྱིད་ཀྱིས་གནས་ཁ་མ་ཆོད་པ་རེད། དཔལ་འབྱོར་ཚེ་རིང་ལ་དུང་མཚོ་སྐྱིད་མ་དགོས་བ་རེད་ཟེར་བ་སོགས་ཀྱི་མྱི་ཁ་མི་ཐེག་པའི་ན་ཟུག་སྐྱེས། མོས་ན་ཟུག་དེ་ཁུར་ནས་ཕྱིར་རང་ཡུལ་ལ་ཕ་མར་བལྟ་རུ་སོང་བ་ནས་ཕྱིར་མ་ཡོང། ཆུང་མ་གཤིས་བཟང་མ་དེ་འདི་ལྟར་བཙན་གྱིས་སྒོར་དེད་ཅིང་། དེ་འང་ལྷ་ས་བའི་བཤད་སྟངས་ལྟར་བྱས་ན་ཁོས་དཔའ་རྟགས་ཤིག་བསྟན་པའི་སྐད་ཆ་རེད། ཁོས་ཕ་རྒན་གྱི་སྔས་འོག་ནས་སྒོར་མོ་སུམ་སྟོང་བརྐུས་ཏེ་རུམ་ལ་བཅུག་པ་དང་ཁོའི་འཇིག་རྟེན་ན་ཁོ་རང་དོན་གྱིས་དཔའ་འབྱོར་ཚེ་རིང་ཡིན། ས་སྤྱི་ལེ་གྲུ་བཞི་བརྒྱའི་ནང་ན་ཁུ་ཚུར་གཡུག་ས་མི་འདུག་ལ་སྒོར་མོ་གཏོར་སའང་མེད་པའི་སྣང་བ་ཤར།
ད་དུང་སྡེ་བ་འདིར་སྐད་གྲགས་ཅན་གྱི་མི་གཞན་ཞིག་ཡོད་པ་ནི་ཨ་ཁུ་རིག་ལོ་ཚང་གི་གསར་བརྗེ་སྐྱབས་ཡིན། ཁོ་རང་སློབ་མཐར་ཕྱིན་པ་དང་རྒྱལ་ཁབ་ཀྱིས་སྤྲད་པའི་བྱ་བ་མ་ལས་བར་རྒྱ་གར་ལ་བྲོས་སོང་བ་དེ་དང་། སྡེ་བའི་ནང་གི་ཤི་བོ་འགའི་བསྔོ་ཡིག༧ཡིད་བཞིན་ནོར་བུར་འཕྲོད་སོང་བ་དེས་ཁོ་ལ་སྐད་གྲགས་རྒྱས། ལོ་ལོན་ཚོ་ག་དུས་འཛོམས་ནའང་གསར་བརྗེ་སྐྱབས་ཀྱི་ལོ་རབས་བཤད། ཨ་མའི་བུ། བསྐལ་བ་སྟོང་གི་རིང་ལ་མ་འགྲུབ་པ། སངས་རྒྱས་གཅིག་གི་རིང་ལ་འགྲུབ་སོང་ཞེས་ཁོ་ཚོས་རྒྱུན་དུ་གསར་བརྗེ་སྐྱབས་ལ་བསྟོད་པ་བྱས། ལོ་ལོན་འདི་དག་གིས་རང་ཉིད་ཤི་རྗེས་གསར་བརྗེ་སྐྱབས་ཀྱིས་ཁོ་ཚོའི་བསྔོ་ཡིག་༧་གོང་ས་མཆོག་ལ་འབུལ་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད་ལ་དེས་སྤྲད་པའི་སྤྲོ་སྣང་ཁོ་ཚོའི་སེམས་ལ་ཤོང་གིན་མེད།
ས་རུབ་ནས་ཡུན་རིང་འགོར་སོང་། སྨག་རྒྱུ་བ་ཚོས་ལ་གཞས་ལེན་པའི་སྐད་མགོ་ཇེ་མཐོ་ནས་ཇེ་མཐོ་རེད། དཔའ་འབྱོར་ཚེ་རིང་དང་དོན་འགྲུབ་གཉིས་ད་དུང་གོ་ཁར་བསྡད་དེ་ཁ་བརྡ་བྱེད་བཞིན་འདུག། ཆང་གིས་ཅུང་ཙམ་བཟི་འདུག་ལ་དེའི་སྟབསས་ཀྱིས་སྙིང་སྟོབས་ཇེ་ཆེ་དང་ཁོ་གཉིས་ཀའི་སྐད་མགོའང་ཇེ་མཐོ་རེད།
‘‘དོན་ཁོ། བུ་གྲགས་ན་ས་གྲགས་གནམ་གྲགས་བྱེད་དགོས། སྡེ་བ་ཆུང་ཆུང་འདིའི་ནང་ལ་ང་དཔལ་འབྱོར་ཚེ་རིང་མི་ཤོང་གི། ཁྱོད་ཀྱི་རྣར་ཨེ་འགྲོ་གི། ’’
‘‘ད་ཁ་ཚུམས། ཁྱོད་འུ་གཉིས་ལ་འགྲོ་ས་ཞིག་གང་ན་འདུག། སྡེ་བ་འདི་ནས་རྒས་ཏེ་སྡེ་བ་འདི་ནས་འཆི་དགོས་བ་རེད།’’
‘‘ཧིན། ང་སྡེ་བ་འདི་ནས་མི་རྒས་ཡ། ས་རྒྱ་གར་ཕར་སྣེ་གན་རེད། གཅིག་བསླེབས་ས་ནས་གཅིག་མི་བསླེབ་པ་ཅི་ཡོད། ང་འགྲོ་ཡི་ཡིན། ཁྱོད་ངའི་མཉམ་དུ་འགྲོ་ཨེ་ཐུབ། ཨ་མའི་བུ་ཨེ་ཡིན།’’
‘‘སྒོར་མོ་མེད། དམིགས་ཡུལ་མེད། ལམ་རྒྱུས་མེད། འཆར་གཞི་མེད། མེད་ལ་མེད་དགུ་ཡིན། ཡིན་ནའང་འགྲོ་ན་འགྲོ།’’
‘‘་་་་་་་་་་་’’
ཆུ་མགོ་ཁྲ་ལྡང་ནི་སྡེ་བ་འདིའི་ཆུ་ལེན་བུ་མོ་ཚོས་གསར་འགོས་གསལ་བསྒྲགས་སྤེལ་ས་ཡིན་ལ། དེ་རིང་ཡང་ཆུ་ལེན་བུ་མོ་མང་བོ་ཆུ་མགོར་འཛོམས་ནས་གསར་བསྒྲགས་སྤེལ་བཞིན་འདུག། དེ་རིང་གི་གསལ་བསྒྲགས་ནི་དཔལ་འབྱོར་ཚེ་རིང་གི་ཨ་ཕའི་སྔས་འོག་ནས་སྒོར་མོ་སུམ་སྟོང་རྐུན་མས་ཁྱེར་སོང་བ་དང་། དེ་དང་མཉམ་དུ་དཔལ་འབྱོར་ཚེ་རིང་དང་དོན་འགྲུང་གཉིས་ཀྱང་རྐུན་མས་ཁྲིད་སོང་བའི་གསར་འགྱུར་དེ་རེད།
‘‘ཞི་མོ་ཚོ། དཔལ་འབྱོར་ཚེ་རིང་གི་ཨ་ཕའི་སྔས་འོག་ནས་སྒོར་མོ་རྐུན་མས་ཁྱེར་སོང་བ་རེད་ཟེར་ནོ་ཨེ་གོ།’’
‘‘དེ་སུ་ཡིན་ནམ། རྐུན་མ་སུ་ཡིན་ཤེས་ཚེ་དཔལ་འབྱོར་ཚེ་རིང་གིས་རང་དགར་འཇོག་གི་མ་རེད། ’’
‘‘ཧོ་ཧོ་ཡེ། དཔལ་འབྱོར་ཚེ་རིང་ཡང་རྐུན་མས་ཁྲིད་སོང་བ་རེད་ཟེར་བ་མ་གོའམ།’’
‘‘ཨེ་བདེན་ནམ། བྱ་འདིའི་མིང་ལ་ཅི་འདོག།’’
‘‘ལོས་བདེན་། དེའི་མཉམ་དུ་དོན་འགྲུབ་ཡང་ཁྲིད་ཚར་འདུག་ཟེར་ག། ཧོ་ཧོ་ཡེ། ཞེས་ན་ཨེ་དགའ།’’
‘‘ཧ་ཧ་ཧ་་་་་་ཧོ་ཧོ་ཧོ་་་་་་་་་’’
གཉིས།
དཔལ་འབྱོར་ཚེ་རིང་དང་དོན་འགྲུབ་གཉིས་ལྷ་སར་འབྱོར་ནའང་རྒྱ་སྐད་ཚིག་གཅིག་མི་ཤེས་བའི་ཁར་ལྷ་སའི་སྐད་ཀྱང་མི་ཤེས་བས། སྐོར་ལམ་ན་ཨ་མདོ་བ་ཞིག་ཨེ་རིག་གི་རེ་བ་བྱེད་བཞིན་འདུག། ཁོང་གཉིས་ཀས་ལྷ་སའི་སྐད་ཀྱི་ཚིག་གསུམ་ཤེས་བ་ནི། མོག་མོག་ཟ། ཨ་རེག་འཐུང་། དེ་བོ་ལྡིང་བཅས་རེད། ཡིན་ནའང་ཁོང་གཉིས་ཀའི་སྒོར་ཁུག་གིས་མོག་མོག་མ་ཟ། ཨ་རེག་མ་འཐུང་། དེ་བོ་མ་ལྡིང་ཟེར་བཞིན་པ་དེར་ཁོ་ཚོས་གོ་བརྡ་འཕྲོད་ཀྱིན་མི་འདུག། ཨ་མདོ་བ་འགའ་རེར་ཐུག་ཚེ་རྒྱ་གར་ལ་འགྲོ་མཁན་ཡིན། ལམ་པ་འཚོལ་རོགས་ཞེས་སྦ་གསང་ཅི་ཡང་མེད་པར་བཤད་ནའང་། ངན་པ་འདྲེ་ལ་མི་དགོས་ཞེས་བ་བཞིན་གསང་ཉུལ་བའི་གནོད་པ་ཅི་ཡང་མ་བྱུང་། གང་ལྟར་ལྷ་སའི་སྐོར་ལམ་ནས་ཉིན་མང་བོར་བསྡད་རྗེས་སྙིང་རྗེ་ཅན་གྱི་བླ་རྒན་ཞིག་གིས་ལམ་འཇུག་བྱས། རྩམ་སྐྱ་རྒྱ་མ་འགའ་ཉོས་བའི་ཤུལ་ན་སྒོར་མོ་འགའ་ལས་ལྷག་མེད་ནའང་ལམ་ཁྲིད་པས་ལས་གཡོག་སུ་འཁྲིད་རྒྱུའི་ཁས་ལེན་བྱས། ཉིན་མཚན་མང་བོར་གོམ་བགྲོད་ཀྱིས་ཧི་མ་ལ་ཡའི་རི་འདབས་སུ་བསླེབས་ཚེ་རྩམ་སྐྱ་རྫོགས་ནའང་ལམ་ཁྲིད་ཀྱི་ཟ་མ་དང་ཅ་ལག་འཁུར་རོགས་བྱས་པའི་དབང་གིས་ཁོ་གཉིས་ལ་ད་དུང་རྩམ་སྐྱའི་དཀའ་ངལ་མ་འཕྲད་ནའང་། རི་རྩེར་འབྱོར་དུས་དཔལ་འབྱོར་ཚེ་རིང་གི་ལྷམ་མགོ་ཟད།
ད་ནི་སྟག་མོ་ཁྱི་སར་ལྷུང་བའི་མགོ་ཚུགས། རྒྱ་གར་ལ་ད་དུང་ལམ་ཐག་ཅི་ཙམ་ཡོད་མེད་མི་ཤེས་ནའང་། ཕྱིར་འཁོར་ན་ཕ་ཡུལ་ལ་བསླེབ་མི་ཐུབ་པ་ཁོའི་སེམས་ན་གསལ་ལེར་ཡོད། ཉག་ཁ་དེ་ནས་ཁོས་རང་ཉིད་ལ་ལས་བརྡ་བྱས། ང་རྒྱ་གར་ལ་སྐྱག་པ་ཟ་རུ་འགྲོ་བ་ཡིན་ནམ། ལྷ་ས་ནས་ཨ་རེག་འཐུང་བ་ལས་ལྷམ་མགོ་ཆ་འགའ་ཉོས་ཡོད་ན་ཅིས་མ་འགྲིག། རྩམ་པའི་ནང་ལ་མར་བཅུག་ནས་བཟུང་ཡོད་ཚེ་ང་ལ་སྡུག་བསྔལ་འདི་ཡོང་དོན་མེད།
སོང་གིན་སོང་གིན་ཁོ་གཉིས་མི་ཚང་མའི་རྗེས་སུ་ལུས་ཤིང་རྐང་བ་གྲང་བའི་ཚོར་བ་དེའང་རིམ་གྱིས་མེད་པར་གྱུར་བ་མ་ཟད་རང་གི་རྐང་བ་ཡིན་མིན་ཡང་མི་ཤེས་བའི་ཚད་དུ་བསླེབས། དོན་གྲུབ་ཀྱིས་ཁོའི་རྐང་བ་མཐོང་སྟེ་སྐྲག་སྣང་དང་བཅས་འདི་ལྟར་སོང་ན་ཁྱོད་ཀྱི་རྐད་བ་འཆད་པའི་ཉེན་ཁ་འདུག། ཁྱོད་ཀྱིས་ཁུར་བའི་ལམ་ཁྲིད་ཀྱི་ཁུག་མ་དེའི་ནང་ན་ལྷམ་གསར་བ་ཞིག་ཡོད་པ་ངས་མཐོང་སོང་བས་དེ་གོན་རོགས་ཞེས་བར། དཔལ་འབྱོར་ཚེ་རིང་གིས་མི་ཉན། འུ་གཉིས་ལ་གཅར་གི་རེད་ཅེས་གོན་མ་ཐུབ་ནའང་དོན་འགྲུབ་ཀྱིས་གཅར་ན་གཅར། གསོད་གི་མ་རེད། འུ་གཉིས་རྒྱ་གར་ལ་འབྱོར་ནའང་ཁྱོད་ལ་ཁྱོད་ཀྱི་རྐང་བ་དགོས་བ་རེད། གཅར་བརྡུང་བྱས་བའི་ན་ཟུག་ལ་བཟོད་སྒོམ་བྱས་ན་ཆོག་གི་རེད། ཞུ་བ་བྱེད། ཚང་མ་མི་ཡིན་པས་དཀའ་ངལ་ལ་འཕྲད་དུས་བསམ་ཤེས་བྱེད་ཀྱི་རེད། སྒོར་མོ་དགོས་ཟེར་ན་འུ་གཉིས་ཀས་རྒྱ་གར་ནས་ཐབས་ཤེས་བྱེད་ཅེས་པས། དཔལ་འབྱོར་ཚེ་རིང་གིས་སྐྲག་ཞོར་སདར་ཞོར་ལ་ལམ་ཁྲིད་ཀྱི་ལྷམ་མགོ་གོན་ནས་སོང་། རྐང་བ་གཉིས་བདེ་ལེགས་ངང་མཐོ་ས་ནས་དམའ་སར་བབས་ཟིན། ལམ་དཀྱིལ་ནས་ཁོ་ཚོ་ཚང་མ་རང་རང་གི་ཁུར་བོར་ཁེན་ནས་ངལ་གསོ་བྱས། ཐང་ཆད་དྲག་པའི་དབང་གིས་དཔལ་འབྱོར་ཚེ་རིང་སོགས་ལམ་འགྲོ་བ་ཚང་མ་གཉིད་དུ་ཡུར།
དུང་མཚོ་སྐྱིད་ཀྱིས་དཀར་ཡོལ་འབྲུག་མ་ཞིག་གཙང་མར་བཀྲུས་ཤིང་དཀར་ཡོལ་གྱི་ནང་ངོས་སུ་རྩམ་པ་དང་འཕྱུར་བ་བླུགས་ཅིང་དེ་ལ་འབྲི་མར་སེར་བོའི་ཁ་རྒྱན་བཏབ་པའི་འོ་ཇ་ཚ་བོ་རླངས་པ་འཕྱིར་བཞིན་ལག་པ་གཉིས་ཀས་བཀྱགས་ཏེ་ཡོང་། མོས་དཔལ་འབྱོར་ཚེ་རིང་གི་གདོང་གི་རྣམ་པར་ལྟ་བཞིན་མགོ་སྒུར་སྒུར་གྱིས་ཁོའི་ཕྱོགས་སུ་གཏད་པ་ན། ཁོས་ནམ་རྒྱུན་དང་མི་འདྲ་བའི་འཛུམ་མདངས་གསར་བ་ཞིག་སྟོན་བཞིན་ཅུང་ཙམ་མི་བདེ་བའི་ཉམས་དང་བཅས་བླངས། གོ་རེ་ཇོང་ལྡོག་སྡེར་མ་གང་དང་ལུག་ཤ་སྡེར་མ་གང་། ད་དུང་རྒྱ་ཟས་ལྟར་བརྔོས་བའི་སྔོ་ཚལ་རིགས་འགའ་བཅས་ཁོའི་མདུན་དུ་བཞག། ཁོས་ལག་པ་གཉིས་ཀས་རྩམ་པ་དང་དཀར་ཡོལ་སྐོར་བའི་མོད་ལ་མིག་གཉིས་འབུར་ཚུགས་སུ་ཤའི་སྡེར་མར་གཏད་དེ་བྲེལ་བ་ལང་ཞིང་ཁོའི་སེམས་སུ་རང་ལ་ད་དུང་ཁ་གཅིག་དང་ལག་པ་ཐོལ་བ་ཞིག་ཡོད་ན་ཅི་མ་རུང་བསམ་པའི་སྣང་བ་ཤར། ། དེ་དང་མཉམ་དུ་ཁོས་དུང་མཚོ་སྐྱིད་ལ་ཐུགས་རྗེ་ཆེ་ཟེར་འདོད་སྐྱེས་ནའང་། ཁྱོད་རང་ངའི་ཆུང་མར་མི་འོས་ཚུལ་བཤད་དེ་སྒོའི་ཕྱི་རུ་བཙན་འདེད་བྱས་བའི་རྣམ་པ་དེ་ཡིད་ལ་ཤར་ནས་ཅི་ཡང་བཤད་མ་ཐུབ་པར་ལུས། མོས་དཔལ་འབྱོར་ཚེ་རིང་གི་རྐང་བར་ལྟ་བཞིན་ཨ་ཕས་ལྷམ་གསར་བ་ཆ་ཞིག་ཉོས་ནས་བཞག་འདུག་པས་ཁྱོད་ཀྱིས་དེ་གོན་དང་། ཁོ་ལ་དེའི་ཚབ་དུ་ལྷམ་གསར་བ་ཞིག་ཉོས་ན་ཆོག་གི་རེད་ཅེས་པས་ཁོའི་མིག་མཐར་རང་དབང་མེད་པར་མཆི་མ་འཁོར།
གློ་བུར་དུ་འགྲམ་ལྕག་ཚ་ཡེར་བ་ཞིག་དང་མཉམ་དུ་ཕ་རོ་ཟ་རྒྱུ་བོ་ཞེས་བའི་སྒྲ་ཞིག་ཁོའི་རྣ་ལམ་ནས་གྲགས་ཏེ་མགོ་གསིང་ལ་འཐུམ། ཁོའི་སེམས་སུ་བལ་ཡུལ་གྱི་མཐའ་སྲུང་དམག་གིས་འཇུས་སོང་བ་མིན་ནམ་སྙམ་ནས་མིག་གཉིས་བཙན་གྱིས་ཕྱེས་བ་ན། དོན་འགྲུབ་ལམ་ཁྲིད་པའི་རྒྱུད་པར་འཐམ་ནས་ཞུ་བ་བྱེད་བཞིན་འདུག།
‘‘སྐུ་མཁྱེན། སྐུ་མཁྱེན། ངེད་གཉིས་ལ་ལྷམ་མགོ་མེད་པར་འུ་ཐུག་པ་རེད། རྒྱ་གར་ལ་འབྱོེར་ཚེ་ཁྱོད་ལ་ལྷན་ཚབ་སྤྲོད་པའི་ཐབས་ཤེས་བྱེད་ཀྱི་ཡིན། སྐུ་མཁྱེན། ཁྱོད་ལ་རྐུ་བྱས་བ་མིན།’’
‘‘ཕ་རོ་ཟ། ལྷམ་མགོ་འདི་ངའི་ཨ་ཞང་ལ་ཉོས་བ་ཡིན། རྒྱ་གར་ན་ལྷམ་འདི་འདྲ་ཡོད་བ་མ་རེད། དེ་རིང་ནས་ཁྱོད་གཉིས་ཀས་སྐྱག་པ་ཟ། ང་ལ་རྩམ་པ་སྟེར་རྒྱུ་མེད། ངའི་ཅ་ལག་ཁུར། དེ་ཁྱོད་གཉིིས་ཀའི་ལམ་གླ་རེད།’’
ལམ་ཁྲིད་ཀྱིས་སྐད་ལོག་བྱེད་བཞིན་སྡིག་ར་འཐེན། ལམ་གྲོགས་ཚོས་མིག་ཟུར་གྱིས་ཁོང་གཉིས་ལ་ལྟ་བཞིན་ཅི་ཡང་མི་བཤད་ནའང་ལ་ལས་བཟོད་པ་སྒོམ་ཞེས་བའི་བརྡ་ལ་མ་ཁར་སོ་འདེབ་ཙམ་བྱེད། གང་ལྟར་ཁོའི་རྐང་མགོ་ནས་ལྷམ་མ་བླང་པས་ཁོས་འགྲམ་ལྕག་གཅིག་གི་ན་ཟུག་ལ་བཟོད་སྒོམ་བྱ་ཐུབ་པར་གྱུར་ནའང་། ལམ་གྲོ་མེད་ལ་ད་དུང་ལམ་ཐག་རིང་བའི་སྐོར་ལ་སེམས་ཚེགས་བྱེད་མགོ་ཚུགས། མཁའ་དབུགས་ཇེ་དྲོར་སོང་བ་དང་བྱ་སྤུ་བར་འཚང་ཅན་གྱི་སྟོང་ཐུང་གཉིས་ཡོད་པ་དེ་དང་། ལག་མགོའི་དུས་ཚོད་འཁོར་ལོ་སོགས་རིན་ཐང་ལྡན་པའི་ཅ་ལག་ཚང་མ་རེ་རེ་བཞིན་བལ་ཡུལ་གྱི་ཟ་ཁང་འབོད་པའི་ས་ཚིགས་དེ་དག་ནས་ཟ་མ་ཟ་བྱེད་བྱས། མཚམས་རེར་ཡུལ་དེའི་ཞིང་ཁ་ནས་མ་རྨོས་ལོ་ཏོག་བརྐུས་ནས་ཟས། སྦྱིན་པ་དང་ཤེས་རབ། བརྩོན་འགྲུས། བཟོད་པ། ཚུལ་ཁྲིམས། བསམ་གཏན་སོགས་ཨ་མདོ་ནས་ཡིན་པའི་ལམ་གྲོགས་མང་ནའང་ཚང་མས་ལམ་གྲོར་སེར་སྣ་བྱེད་བཞིན་པ་ནི་རང་ཉིད་ལ་འདང་ཙམ་གྱི་ཟ་མ་ལས་ཟས་ལྷག་སུས་ཀྱང་ཁུར་མེད་པས་རེད། ཁོ་ཚོས་ཟས་སྦྱིན་ཉུང་ཙམ་གཏོང་ནའང་དེ་ནི་ལམ་གྲོགས་བུ་མོ་མཛེས་མ་ཚོར་རག་པ་ལས། ལྟོགས་སྐོམ་ལ་བཟོ་པ་སྒོམ་མི་ཐུབ་པའི་ཕོ་གསར་གཉིས་ལ་ཟས་སྦྱིན་རག་པའི་རེ་བ་གང་ན་ཡོད།
ད་དུང་སྡུག་བསྔལ་གཞན་ཞིག་ཡོད་པ་ནི་ཁ་སང་གི་རྨི་ལམ་དེའི་སྐོར་ཡིན། རྨི་ལམ་དེ་ཁོའི་སེམས་སུ་ཡང་ཡང་འཁོར་གྱིན་ཡོད་ནའང་དོན་དག་དེ་ཁོའི་ཡོང་རོགས་དོན་འགྲུབ་ལའང་བཤད་མེད། དེ་ནི་དོན་འགྲུབ་ཀྱིས་ཁོ་ལ་ངོ་མཚང་འདྲི་སྲིད་པས་ཡིན། གང་ལྟར་དུས་དེ་ནས་བཟུང་མིག་བཙིམ་མ་ཐག་རྨི་ལམ་དེའི་མཇུག་མཐུད་ནས་རྨིས། རྨི་ལམ་དང་རྨི་ལམ་མཐུད་ནས་རྨིས། མཚམས་ལན་རེར་ཨ་མ་དང་ཨ་ཕ་གཉིས་ཀྱང་རྨི་ལམ་ལ་རྨིས་མྱོང་མོད། རྒྱུན་ལྡན་གྱི་རྨི་ལམ་ནི་དུང་མཚོ་སྐྱིད་ཀྱིས་འཛུམ་མདངས་དང་བཅའ་ལག་པ་གཉིས་ཀས་བཀྱག་ནས་ཡོང་བའི་ཟ་མའི་རིགས་ཏེ། ལུག་ཤའི་ཚང་ར་དང་གཡག་ཤའི་བྲང་མགོ། སྟོན་མར་སྐྱ་རིལ། ལག་སྐོར་རྩམ་པ་སོགས་ཟ་མ་སྣུམ་པོར་འབྲེལ་བ་ཅན་ཏག་ཏག་ཡིན། མདུན་སྐྱོད་ཀྱི་གོམ་པ་རེ་རེ་ནི་མུ་ནག་གི་ཕྱོགས་སུ་འགྲོ་བ་དང་འདྲ་ལ་མཚམས་ལན་རེར་འཆི་བའི་ཕྱོགས་སུ་འགྲོ་བ་དང་འདྲ། ཁོའི་ཀླད་པའི་ནང་ལ་གཏན་འཇགས་ཀྱིས་འཁོར་བཞིན་པ་ནི་རྒྱ་གར་ལ་འགྲོ་རྒྱུ་དེ་མ་ཡིན་པར། རྫི་འཕྲུལ་ལྟ་བུའི་རླུང་འཚུབ་ཞིག་གིས་ཁུར་ནས་ཕྱིར་རང་ཡུལ་གྱི་སྡེ་འདབས་ལ་འབྱོར་བའི་རེ་བ་དེ་ཡིན། ཡིན་ནའང་ཁོ་ལ་རང་དབང་མེད་པར་ད་དུང་མདུན་དུ་སྐྱོད་བཞིན་ཡོད་པ་མ་ཟད། ད་དུང་ལམ་གྲོགས་ཚོའི་རྗེས་སུ་ལུས་མི་ཡོང་ངམ་བསམ་པའི་སེམས་ཁུར་ཡང་བྱེད་ཡིན་ཡོད། དོན་འགྲུབ་ཀྱིས་རེ་མ་ཤོག། རྗེས་སུ་ལུས་ཏུ་མ་འཇུག། བུ་གྲགས་ན་ས་གྲགས་གནམ་གྲགས་བྱེད་དགོས་བ་རེད། ས་རྒྱ་གར་ཕར་སྣེ་གན་རེད། གཅིག་བསླེབས་ས་ནས་གཅིག་མི་བསླེབ་པ་ཅི་ཡོད། ལུག་རྫི་ཞིག་གོམ་པ་སྤོ་ལོས་ཐུབ་ཞེས་པས། ཁོ་རང་དོན་འགྲུབ་ཀྱི་ཐོག་ལ་ངར་ལང་སྟེ་ཁྱིི་ཁ་ཚུམས་ཟེར་བཞིན་ངོ་ལ་ངུ་རྒྱུ་ཞིག་ཡོང་སྟེ་ཡང་བསྐྱར་ཁ་མི་གྲག་པར་མི་ཚང་མའི་རྗེས་སུ་སྙེགས།
ལམ་ཁྲིད་ཀྱིས་སྐད་མགོ་མཐོན་པོས་ང་ཚོ་ལམ་དཀྱིལ་ཏག་ཏག་ལ་བསླེབ་འདུག། འདི་ནས་ཕྱིར་འགྲོ་མཁན་ཡོད་ན་ཁྲིད་ཆོག་ཅེས་པས། དེ་མ་ཐག་དཔལ་འབྱོར་ཚེ་རིང་གིས་ང་ལོག་གི་ཡིན་ཞེས་གདོང་ལ་འཛུམ་མདངས་ཅུང་ཙམ་རྒྱས་ཤིང་དེ་དང་མཉམ་དུ་མིག་གི་ནང་ལ་རེ་བའི་འོད་མདངས་ཤིག་ཀྱང་ཤར་བ་ན། མཐའ་འཁོར་གྱི་མི་ཚང་མ་གད་མོ་ཤོར་བའི་མོད་ལ་སྙིང་རྗེ་ཞིག་ཀྱང་སྐྱེས། དེ་དང་མཉམ་དུ་ཁོས་རང་གི་ཚོད་ལ་བརྟག་གིན་ཡོད་པ་ཤེས་ནའང་ཁ་གྲག་རྒྱུ་སྔ་ཟིན་པས། ངོ་ཅུང་ཙམ་ཚ་བའི་ཉམས་དང་བཅས་རང་གི་སྐད་ཆ་བསྒྱུར་ཏེ། ཧེ་ཧེ། རྩེད་མོ་ཡིན་དྭ་ཞེས་བར་མི་ཚང་མ་དེ་བས་བགད།
ཁོ་ཚོ་ད་དུང་ཉིན་བགྲོད་མཚན་བགྲོད་ཀྱིས་མདུན་དུ་སོང་། ཞོགས་པ་དེར་མི་ཚང་མ་གཉིད་ལས་སད་དུས་དཔལ་འབྱོར་ཚེ་རིང་མེད་པ་ཚོར། མི་གཞན་དག་གིས་དོ་སྣང་དེ་ཙམ་མ་བྱས་ནའང་དོན་འགྲུབ་ལ་མཚོན་ན་བཟང་ཡང་ནང་ཡང་རང་གི་འགྲོ་རོགས་ཡིན་པས་སེམས་ཁྲལ་ལངས། དོན་འགྲུབ་ཀྱིས་དཔའ་ཁོ། དཔའ་ཁོ་ཞེས་ཀུ་འབོད་བྱེད་བཞིན་ཡར་ལྟ་མར་ལྟ་བྱས་བ་ན་ཕར་ཕྱོགས་ཀྱི་གྲོང་སྡེ་ཆུང་ཆུང་དེའི་མཐའ་རུ་རྡོ་གྱང་དམའ་མོ་ཞིག་བརྩིགས་འདུག་ལ་རྩིག་གྱང་དེར་ཁ་ཤོ་ཆུང་ཆུང་ཞིག་འདུག། ཁོས་དེ་རུ་བལྟས་ཏེ་སྡད་པ་ན་རྡོ་གྱང་གི་ཁ་ཤོས་དེས་དཔའ་ཁོ་འདི་ན་འདུག་ཟེར་བཞིན་པ་དང་འདྲ། དོན་འགྲུབ་ཐད་ཀར་བརྒྱུགས་ཏེ་རྩིག་གྱང་གི་ཁ་ཤོ་ནས་བལྟས་བ་ན། དཔའ་འབྱོར་ཚེ་རིང་གིས་གྱང་རྩ་དང་བར་མི་རིང་བའི་སར་སྡོང་རྒན་ཞིག་གི་མགོ་ན་ཐུང་དུ་གནར་བའི་ཀུ་ཤུ་ཆེན་པོ་ཞིག་ལ་མིག་གཉིས་འབུར་ཚུགས་སུ་གཏད་དེ་འགུལ་མེད་དུ་ལང་འདུག་པ་དེས། དཔའ་ཁོའི་མིག་ལམ་ལ་༧གོང་ས་མཆོག་གི་སྐུ་དངོས་སུ་ཤར་བ་མིན་ནམ་སྙམ་པའི་སྣང་བ་སྟེར། དོན་འགྲུབ་ཀྱིས་ཨེ། ཞབས་འདྲེན། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད། ཤོག། རེ་མ་ཤོག། མི་ཚང་མ་འགྲོ་གྲབས་འདུག་ཅེས་བ་ན་དཔལ་འབྱོར་ཆེ་རིང་གིས། ཨེ། ཀུ་ཤུ་འདི་ལེན་ཐབས་འདྲ་མི་འདུག་གམ་ཞེས་ད་དུང་སྡོང་རྩ་ནས་འགུལ་ཙམ་ཡང་མི་བྱེད་པར་ཤུ་ཀུར་ཅེར་ཏེ་བསྡད། དོན་འགྲུབ་ཀྱིས་ཁྱོད་རང་གིས་དེར་ལྟས་ཏེ་སྡོད། ང་འགྲོ་ཡི་ཡིན་ཞེས་ཕྱིར་འཁོར་ནས་གོམ་པ་འགའ་སོང་སྟེ་ཕྱིར་མིག་གིས་བལྟས་བ་ན་དཔལ་འབྱོར་ཚེ་རིང་གིས་ཀྱང་ཁ་ཆུ་མིད་བཞིན་ཁོའི་རྗེས་སྙེག་ནས་ཡོང་གིན་འདུག། ཁོ་གཉིས་ཀས་འགྲོ་རོགས་ཚོས་སྤྲད་པའི་རྩམ་འཆང་རེ་ཆུ་འཁག་དང་མཉམ་དུ་མིད་རྗེས་ཉི་ཤར་ནས་ས་རུབ་པའི་བར་ལུས་ཤུགས་ཡོད་ཚད་སྤྱད་དེ་མདུན་སྐྱོད་བྱས། མི་ཚང་མས་གྲལ་བསྒྲིགས་ནས་མདུན་སྐྱོད་བྱས་ཤིང་ཁོ་གཉིས་མི་ཚང་མའི་རྗེས་སུ་བར་ཐག་ཅུང་ཡོད་པའི་སྒོ་ནས་འགྲོ་བཞིན་ཡོད། ངལ་དུབ་ཀྱིས་སྐད་ཆ་བཤད་པ་ལའང་ཤེད་ཤུགས་མེད་པའི་སྣང་བ་སྟེར། ཡིན་ནའང་དཔལ་འབྱོར་ཚེ་རིང་གིས་ཉི་ཤར་ནས་ཉི་ནུབ་བར་ཁ་འདོན་བྱེད་མཚམས་མ་བཞག། ‘‘གནའ་ཤི་བོ། ད་ནང་ཁྱོད་ཀྱིས་ང་ལ་ཀུ་ཤུ་དེ་ལེན་རོག་བྱས་ཡོད་ཚེ་འུ་གཉིས་འདིའི་ཚད་ལ་ལྷུང་མེད། གལ་ཏེ་ཀུ་ཤུ་དེ་ལོན་ཡོད་ཚེ་ཕལ་ཆེར་འུ་གཉིས་ཀ་རྒྱགས་ཚད་རེད། ད་ནང་ངས་ཀུ་ཤུ་དེ་མཐོང་མ་ཐག་དེའི་ཕྱེད་ཀ་ཁྱེད་ལ་སྟེར་དགོས་བསམ་སོང་། ཀུ་ཤུས་ལྟོགས་སྐོམ་གཉིས་ཀའི་གོ་ཆོད་ཀི་རེད’’། དོན་འགྲུབ་ཀྱི་རྣ་ནང་ལ་ཚིག་འདི་དག་བསྐྱར་བཤད་དང་ཡང་བཤད་བྱས། དེ་ནི་སངས་རྒྱས་ཀྱི་གསུང་ཞིག་ཡིན་ཚེ་བྱིན་རླབས་ཀྱི་དྲི་མ་ཞིག་ཀྱང་འགོས་ཡོད་ཚོད་ཡིན།
དོན་འགྲུབ་ཀྱིས་ཁ་མི་གྲག་པར་མགོ་སྒུར་ནས་མདུན་དུ་སྐྱོད་བཞིན་ཡོད་པ་དེས་ང་ལ་སྐད་ཆ་བཤད་པའི་ཤེད་ཤུགས་མི་འདུག་ཟེར་བཞིན་པ་འདྲ་ལ། མཚམས་མཚམས་སུ་ཁོས་ཧ་ཅང་ཐང་ཆད་པའི་ཉམས་ཀྱིས་དཔལ་འབྱོར་ཚེ་རིང་ལ་ལྟ་ཙམ་བྱས་ཤིང་དེ་མ་ཐག་སྐེ་གཅུས་ནས་འདུག་པ་དེས། ཤ་མེད་པ་ལས་ཕྱེ་ཡོད་རྒྱུ་ན། ཁྱིམ་མཚེས་ཚང་ནས་ཚྭ་སྤར་མོ་གང་བསླང་ནས་མོག་མོག་བཟོ་ཆོག་གི་རེད་ཅེས་བའི་སྐད་ཆ་དེ་ཡང་ཡང་བཤད་བཞིན་པ་འདྲ། ཁོའི་ཁ་ནས་ཚིག་གཅིག་བཤད་པ་ནི་ངའང་ལྟོགས་ཀྱིན་འདུག་ཅེས་བ་དེ་དང་། ཀུ་ཤུ་དེའི་ཆེ་ཆུང་ན་ཁུ་ཚུར་ཙམ་ལས་མི་འདུག། ཡི་དྭགས་ཀྱི་མིག་ལམ་ན་ནས་ཀྱི་ཆེ་ཆུང་ན་རྟ་སྒ་འདྲ་འདྲ་ཡོད་བ་རེད་ཅེས་བ་དེ་རེད།
ལམ་གྲོགས་ཚོའི་ནང་གི་ཁོང་ཁྲོ་ཆེ་ཤོས་དེ་བཟོད་པ་དང་སེར་སྣ་ཆེ་ཤོས་དེ་སྦྱིན་པ་ཡིན་པས་མི་འདི་གཉིས་ལ་རྩམ་སྐྱ་སློང་ནའང་བཀའ་བཀྱོན་གཏོང་ངེས་ཡིན། དེ་བས་ཁོ་གཉིས་ལ་ངོ་དགའ་འང་བྱེད་འདོད་མེད། ཡིན་ནའང་དཀའ་སྡུག་ལ་གདོང་ལེན་བྱེད་མི་ཐུབ་པར་ནམ་ཡང་མི་ཚང་མའི་རྗེས་སུ་སྨྲེ་ངག་དང་བཅས་འུ་ཐུག་གིས་སྐྱོད་མཁན་དེ་བརྩོན་འགྲུས་ཡིན་ཞིང་། སྨྲེ་ངག་གི་ལམ་ནས་བརྩོན་འགྲུས་དང་དཔལ་འབྱོར་ཚེ་རིང་གཉིས་ཅུང་ཙམ་འདྲིས་བར་གྱུར། དེ་ནི་དོན་འགྲུབ་དང་དཔལ་འབྱོར་ཚེ་རིང་གཉིས་ཀའི་རྩམ་སྐྱའི་ཡོང་ཁུང་ཡང་ཡིན། ལམ་ཁྲིད་ཀྱིས་འདི་ནས་ཉིན་གཉིས་གསུམ་ཙམ་གྱིས་བལ་ཡུལ་སྣེ་ལེན་ཁང་ལ་བསླེབ་ཀྱི་རེད་ཅེས་བ་ནས། བརྩོན་འགྲུས་སོགས་ལམ་གྲོགས་གཞན་དག་གིས་རང་རང་གི་སྒོར་མོ་སྤྱད་དེ་ཟ་ཁང་ནས་འབྲས་དང་རྡ་ལི་ཟ་མགོ་བརྩམས་ཤིང་། རྩམ་སྐྱ་ལྷགས་མ་ཡོད་ཚད་དོན་འགྲུབ་དང་དཔལ་འབྱོར་ཚེ་རིང་གཉིས་ལ་བྱིན། ད་དུང་ཚུལ་ཁྲིམས་ཀྱིས་ཁོ་གཉིས་ལ་རྩམ་ལྷག་སྟེར་བཞིན། ཕོ་གསར་གཉིས་ཀྱིས་རྐུའང་བྱེད་མི་ཐུབ་པ་ཅི་རེད། དེ་འདྲའི་འུ་ཐུག་དོན་ཡོད་དམ་ཟེར། ཡིན་ནའང་སྦྱིན་པས་འབྲས་དང་རྡ་ལི་རྒྱགས་ཚད་ཟས་རྗེས་ད་དུང་རང་གི་རྩམ་ལྷག་ཁུག་མ་ཆེན་པོ་དེ་སྐེ་ལ་ཁུར་ནས་སོང་།
སྔ་དྲོ་ངར་ན་རྩམ་པའི་བུ། ཕྱི་དྲོ་ངར་ན་ཨ་མའི་བུ་ཞེས་བ་དེ་ཅིས་མ་བདེན། དོན་འགྲུབ་དང་དཔལ་འབྱོར་གཉིས་ཀས་རྩམ་པ་རྒྱགས་ཚད་ཟས་ཤིང་མཚན་གཅིག་ལ་ངལ་གསོས་ཏེ་ཕྱི་ཉིན་ཡར་དུས། དམྱལ་ཁམས་ནས་མི་ཡུལ་ལ་བསླེབས་པའམ་ཡང་ན་མི་ཡུལ་ནས་ལྷ་ཡུལ་ལ་འབྱོར་བ་བཞིན་གདོང་གི་མཛུམ་མདངས་གཞན་ལས་ཆེ་ཞིང་གོམ་ཁ་སྔོན་ལས་ཇེ་མགྱོགས་སུ་སོང་འདུག་པ་མ་ཟད། མཚམས་ལན་རེར་ཁོང་གཉིས་ཀས་ཀུ་རེ་བརྩེས་བཞིན་འགྲོ་ལ་སྐབས་སྐབས་སུ་ལ་གཞས་ལེན་བཞིན་འགྲོ། ཕར་བལྟས་ཚོད་ཀྱིས་མི་འདི་གཉིས་རྒྱ་གར་ལ་འགྲོ་བ༧གོང་ས་མཆོག་གི་སྐུ་མདུན་ནས་རྩམ་པ་སློང་བའི་ཆེད་དུ་མིན་ནམ་སྙམ་པའི་སྣང་བ་སྟེར། ཤར་ཁུམ་པོའི་ཡུལ་གྱི་རྫོགས་མཐའ་མེད་པའི་རི་ལུང་དེ་དག་ཧ་ལས་བའི་ངང་། མི་འདྲ་ཞིག་ལམ་ཐོག་འདི་ནས་འགྲོ་མྱོང་མེད་ཅེས་ཁོ་གཉིས་ལ་བལྟས་ཏེ་དགོད་པ་དང་འདྲ་ལ་མཚམས་མཚམས་སུ་ཁོ་གཉིས་ལ་བལྟས་ཏེ་ངུ་དང་ཡང་མཚུངས།
ཁོང་གཉིས་བལ་ཡུལ་བོད་པའི་སྣེ་ལེན་ཁང་ལ་བསླེབས་སྟངས་དེ་གཡག་རོག་རོག་ཅིག་སྣ་ཐག་ནས་བཟུང་སྟེ་ཁྲིད་ཡོང་བ་དང་འདྲ་ལ། ཁྱི་རྒྱ་རྒྱ་ཞིག་སྐེ་ཐག་གིས་འཐེན་ནས་ཁྲིད་ཡོང་བ་དང་ཡང་མཚུངས། གང་ལྟར་ཁོང་གཉིས་འབྱོར་དགོས་ས་འབྱོར་སོང་མོད། དོན་གྱིས་༧གོང་ས་མཆོག་ལ་ཕ་ཡུལ་ནས་རྩམ་ཁུག་སྟོང་བ་གཉིས་འབྱོར་བ་དང་ཁྱད་པར་མེད། གང་ལྟར་བལ་ཡུལ་བོད་མིའི་སྣེ་ལེན་ཁང་བརྒྱུད་ནས་དོན་འགྲུབ་དང་དཔལ་འབྱོར་ཚེ་རིང་གཉིས་༧གོང་ས་མཆོག་གི་བཞུགས་སྒར་བྱང་རྡ་རམ་ཟ་ལར་འབྱོར། སྐབས་དེར་༧གོང་ས་མཆོག་ཕྱི་རྒྱལ་ཨ་མེ་རི་ཀར་ཕེབས་ཟིན་པས་ཉིན་ཉི་ཤུ་ཙམ་ལ་བསྒུག་དགོས་བ་མ་ཟད། གལ་ཏེ་ཕྱིར་ཕེབས་ནའང་ཁོང་གི་མཛད་རིམ་བང་བསྒྲིགས་ནས་ཡོད་པས་ཟླ་གསུམ་ཙམ་ལ་མཇལ་ཁ་རག་ཚོད་མི་འདུག་ཅེས། དོན་འགྲུབ་དང་དཔལ་འབྱོེར་ཚེ་རིང་གཉིས་གསོག་སྒར་སློབ་གྲྭར་བཏང་། ཁོ་གཉིས་ཀའི་མཉམ་དུ་རྒྱ་མཚོ་སོགས་སློབ་ཆེན་སློབ་མ་མང་བོ་ཡོད་ལ། ཀུན་དགའ་སོགས་ཚོང་བའང་འགའ་རེ་འདུག། སློབ་གྲྭའི་ཟ་མ་འབྲས་དང་རྡ་ལེ་ཡིན་མོད་བདུན་ཕྲག་གཅིག་གི་ནང་ལ་དགོང་ཟས་ཐུག་པ་ཐེངས་གཅིག་སྐོལ་བཞིན་ཡོད་ལ་དེ་ནི་གཟའ་ཉི་མའི་དགོང་མོ་ཡིན། དཔལ་འབྱོར་ཚེ་རིང་གིས་བལ་ཡུལ་གྱི་ས་ཐོག་ནས་རྨིས་མྱོང་བའི་རྨི་ལམ་སྟེ། ཤ་མར་དང་རྩམ་པ་སོགས་ཡང་བསྐྱར་རྨས་མགོ་བརྩམས། རྨི་ལམ་འདི་གཟའ་ཉི་མའི་དགོང་མོ་མ་གཏོགས་ཕལ་ཆེར་གཟའ་འཁོར་གཅིག་གི་མཚན་དྲུག་ལ་རྨིས་བཞིན་ཡོད།
སློབ་ཆེན་སློབ་མ་ཚོས་སློབ་གྲྭ་འདིར་དབྱིན་ཡིག་ཁོ་ན་ལས་སྦྱང་རྒྱུ་མི་འདུག་ཅེས་སྐད་བཞིན་འདུག་ལ་ཚོང་བ་ཆེན་པོ་ཚོས་ཅི་ཡང་ཤེས་ཀྱི་མི་འདུག་ཅེས་སྐད་རྒྱག་བཞིན་འདུག། དོན་འགྲུབ་ནི་དཔལ་འབྱོར་ཚེ་རིང་ལས་ལོ་ཆུང་བའི་ཁར་ཕ་ཡུལ་ནས་སློབ་གྲྭར་ཅུང་ཙམ་འགྲོ་མྱོང་ཡོད་པས་སློབ་ཆེན་པ་ཚོའི་རྗེས་མི་ཆོད་ནའང་ཚོང་བ་ཆེན་པོ་ཚོ་ལས་ཡག་པོ་འདུག། དེ་བས་ཁོ་ལ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྦྱང་འདོད་སྐྱེས། ད་དུང་ཁོ་རང་སྡུག་བསྔལ་ལ་འཐབ་ཐུབ་པའི་མི་སྡུག་རུས་ཅན་ཞིག་ཡིན་པའི་ཁར་ལྟོ་འདུན་ཆུང་ཞིང་ཟས་དང་ས་ཆུ་འཕྲོད། དེ་ནི་ལས་ཟེར་བའི་གཞན་དབང་བཙན་པོ་དེ་ཡིན་པ་འདྲ་སྟེ་དཔལ་འབྱོར་ཚེ་རིང་ནི་དེ་ལས་ལྡོག་པའོ། ཁོ་གཉིས་སློབ་གྲྭ་འདིར་འབྱོར་ནས་བདུན་ཕྲག་གཅིག་མ་འགོར་གོང་དགེ་རྒན་ཚང་མས་དཔལ་འབྱོར་ཚེ་རིང་ནི་སློབ་སྦྱོང་བྱེད་དུ་ཡོང་བ་མིན་པ་ཤེས་ཡོད། དགེ་རྒན་ཚོས་སྐད་ཤུགས་མཐོན་པོས་སློབ་ཁྲིད་བྱས་ནའང་དཔལ་འབྱོར་ཚེ་རིང་གི་རྣ་ནང་ལ་འགྲོ་ཡི་མེད། རྟག་པར་ཁོས་སུས་ཀྱང་མི་ཤེས་བའི་དོན་དག་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། མཚམས་མཚམས་ལ་བསམ་བློ་གཏོང་གིན་གཏོང་གིན་མིག་ཆུ་ལྡོག་པོ་རེ་མཁུར་མཚེས་མགོ་རུ་ཟེགས་ཡོང་ལ། ཡང་སྐབས་གཞན་དག་ཏུ་ཁ་མུར་མུར་གྱིས་ཅི་ཞིག་བཤད་བཞིན་ངོ་གདོང་ཚང་མ་འཛུམ་མདངས་ཀྱིས་གང་ནས་དགོད་ལ་ཁལ་བྱེད། རྣམ་པ་དེ་དག་དགེ་རྒན་ཚོས་མཐོང་སྟེ་སློབ་ཁྲིད་བྱེད་མཚམས་བཞག་ནས་ཁོའི་ཕྲག་མགོར་ལག་པས་ཡུན་གྱིས་ལྡེབ་བཞིན་དཔལ་འབྱོར་ཚེ་རིང་ཞེས་འབོད་དགོས་ལ། དེ་ནི་རི་བོ་ཧི་མ་ལ་ཡའི་ཕར་ཚུར་ལ་གྱེས་བའི་ཁོང་གི་བེམ་པོ་དང་རྣམ་ཤེས་གཉིས་ཉིང་མཚམས་སྦྱོར་པ་དང་མཚུངས། ཁོང་གི་ཁ་དང་ལག་པར་འབྲེལ་བ་ཡོད་ཀྱང་ལུས་དང་སེམས་པར་མཚམས་ལན་རེར་དངོས་གནས་འབྲེལ་བ་མེད་པ་འདྲ། ཁོས་མི་སུ་ལའང་སྐད་ཆ་མི་བཤད། སློབ་གྲྭ་གྲོལ་བ་དང་ཐད་ཀར་ཞིང་ཁུག་ཁུ་སིམ་ཞིག་ན་ངུ་བཞིན་ཡོད་ལ་ཡང་ན་ཆུ་འགྲམ་གྱི་རྡོ་ཕ་བོང་ཞིག་གི་སྟེང་ལ་འཛེག་ནས་དགོད་བཞིན་ཡོད། ཁོའི་ལག་པའི་དྲུ་མོ་གཉིས་པུས་མོའི་སྟེང་དུ་བཙུགས་ཤིང་ལག་པ་གཉིས་ཀས་འགྲམ་པ་སྐྱོར་ནས་འདུག། འདུག་སྟངས་འདི་ནམ་ཡང་བསྒྱུར་མ་མྱོང་། ངུ་དུས་ཀྱང་དེ་ལྟར་ཡོད་ལ་དགོད་དུས་ཀྱང་དེ་ལྟར་ཡོད། ཁོ་རང་དགོད་དགོས་བའི་རྒྱུ་མཚན་སུས་ཀྱང་མི་ཤེས་ནའང་ངུ་དགོས་བའི་རྒྱུ་མཚན་དོན་འགྲུབ་ཁོ་ནས་ཤེས་ཀྱིན་ཡོད།
‘‘ དོན་འགྲུབ། ད་ང་དངོས་ནས་མི་སྡོད་ཀི། བསྡད་ནས་ཀྱང་ཕན་ཐོག་མི་འདུག། ང་ཕྱིར་ལོག་གི་ཡིན། ’’
‘‘ ག་བ་ག་བ། ༧རིན་པོ་ཆེར་མ་མཇལ་བར་ལོག་སྟངས་ཤིག་གང་ན་ཡོད། གཞུག་ནས་༧རྒྱལ་བ་རིན་པོ་ཆེ་ཡི་མཇལ་ཁ་རག་རྗེས་ཕྱིར་སོང་ན་ཡག་གི་རེད། ’’
‘‘ དེའི་བར་དུ་བསྒུག་པ་ཡིན་ན་ང་རང་སྨྱོན་པ་ཆགས་ས་རེད། གལ་ཏེ་ང་རང་སྨྱོས་བ་ཡིན་ན་ཕ་མ་གཉིས་ཀའི་སེམས་ལ་སྡུག་བསྔལ་ཐོལ་བ་ཞིག་བཟོས་བ་རེད། དེ་ལས་ང་རང་མ་སྨྱོས་བའི་སྔོན་ལ་ཕྱིར་འཁོར་ན་ཡག་ས་རེད། གང་ལྟར་ང་ལ་༧རིན་པོ་ཆེར་མཇལ་བའི་བསོད་ནམས་ཡོད་ས་མ་རེད། ཤི་བོ་འགའི་བསྔོ་ཡིག་དང་གསོན་པོ་ཚང་མར་སྐྱབས་འཇུག་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཞུས་ཟིན། ད་ང་འགྲོ་ཡི་ཡིན། ཡིན་ནའང་དོན་དག་འདི་མི་གཞན་ལ་མ་བཤད། ལྷག་པར་དུ་ཕ་ཡུལ་ལ་ཡི་གེ་སྐུར་དུས་ང་ལ་༧གོང་ས་མཆོག་གི་མཇལ་ཁ་མ་ཐོབས་པ་བཤད་མི་ཉན། ’’
‘‘ དེ་ན་ངའང་འགྲོ་ཡི་ཡིན། འུ་གཉིས་མཉམ་དུ་ཡོང་བ་ཡིན་པས་ཕྱིར་འགྲོ་ནའང་མཉམ་དུ་འགྲོ། ’’
‘‘ ཁྱོད་མ་འགྲོ། ཁྱོད་ཀྱིས་ཡི་གེ་ཤེས་ཀྱིན་འདུག་ལ་ས་ཆུའང་འཕྲོད་ཀྱིན་འདུག། ཁྱོད་ད་དུང་མ་འགྲོ།’’
སྣེ་ལེན་ཁང་གི་ལས་བྱེད་རྒད་པོ་དེས་མིག་ཤེལ་མར་འཐེན་ཙམ་བྱས་ཏེ་མིག་ཤེལ་གྱི་ཐོག་ཁ་ནས་མིག་གཉིས་གྱེན་དུ་བསྐོར་ནས་དཔལ་འབྱོར་ཚེ་རིང་གི་གདོང་ལ་བལྟས་ཏེ། ཁ་མཚར། ཁྱོད་རང་༧སྐྱབས་མགོན་རིན་པོ་ཆེར་མཇལ་གྱི་མིན་པས་ཞེས་པས། དཔལ་འབྱོར་ཚེ་རིིང་གིས་མགོ་བོ་ཐད་དུ་གཡུག་ཙམ་བྱས་བ་ལས་ཁ་མ་གྲག། ཁོས་ལག་པས་ལག་པ་འཕུར་བཞིན་བསྡད། ཡང་བསྐྱར་ལས་བྱེད་རྒད་པོས་བསམ་བློ་གཏོན་བཞིན་ཕ་ཡུལ་ནས་གནས་ཚུལ་སྡུག་ཆག་ཅིག་བྱུང་སོང་བ་རེད་པས་ཞེས་པས། ཁོས་གཞི་ནས་རྫུན་བཤད་རྒྱུ་སེམས་ལ་དྲན། ལགས་རེད། ངའི་ཨ་ཕ་ན་ཡི་འདུག གང་མགྱོགས་མ་སོང་ན་ངོ་ཐུག་ས་མ་རེད་ཅེས་བཤད་རྗེས་ཁུར་བོ་ཆེན་པོ་ཞིག་རྒྱབ་ནས་བླངས་བ་བཞིན་ལུས་སེམས་གཉིས་ཇེ་བདེར་གྱུར། དུས་ཚོད་འགའི་རྗེས་ནས་དཔལ་འབྱོར་ཚེ་རིག་གི་གདོང་ལ་འཛུམ་མདངས་ཅུང་ཙམ་རྒྱས་ཏེ་སྣེ་ལེན་ཁང་གི་སྒོར་བུད་ནས་སྤྱི་སྤྱོད་རླུང་འཁོར་འབབ་ཚུགས་སུ་ཕྱིན་སོང་།
རྡ་ས་ནས་མཚན་གཅིག་གིས་ལྡེ་ལེར་འབྱོར་ཞིང་དེ་ནས་ཨ་མདོའི་དག་ལེབ་འཚོང་མཁན་ཞིག་གིས་རོགས་པ་བྱས་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུར་འགྲོ་བའི་རླུང་འཁོར་འཛིན་བྱང་ཉོས། ལྡེ་ལེ་ནས་ཀ་ཐ་མན་ཀྲུའི་བར་དུ་ཉིན་མཚན་གསུམ་ལྷག་ལ་འགྲོ་དགོས་ནའང་ཁོ་རང་བྲེལ་བ་ལང་ནས་གཉིད་མ་ཐུབ། ཁོའི་འདུག་སྟེགས་ཀྱི་འགྲམ་ན་ཨམ་ལྭ་གོན་པའི་རྒད་པོ་ཞིག་འདུག་མོད། ཉིན་དང་བོར་ཁོ་གཉིས་ཀས་ཕན་ཚུན་ལ་སྐད་ཆ་མ་བཤད་པར་སོང། རྒད་པོས་མ་ནི་འདོད་བཞིན་མིག་བཙུམ་ནས་འགྲོ་ལ། དཔལ་འབྱོར་ཚེ་རིང་འགུལ་ཙམ་བྱས་བ་ན་རྒད་པོས་མིག་ཕྱིས་ནས་བྲང་ཁར་ལག་པས་རག་ཙམ་བྱེད། དེ་ནི་ངའི་སྒོར་མོ་འདི་ན་ཡོད་ཟེར་བ་དང་འདྲ་ལ་ཁྱོད་རང་རྐུན་མ་ཞིག་མིན་ནམ་ཞེས་བ་དང་ཡང་འདྲ། རྒྱ་གར་དང་བལ་བོའི་ས་མཚམས་ཀྱི་རླུང་འཁོར་འབབ་ཚུགས་ཤིག་ལ་འབྱོར། མི་ཚང་མས་རང་རང་ས་ནས་ཟ་མ་ཉོས་ནས་ཟས་ཀྱང་ཁོང་གཉིས་ཀས་ཅི་ཞིག་ཟ་དགོས་བའང་མ་ཤེས་བར་མི་ཚང་མའི་ཟུར་ནས་བལྟས་ཏེ་བསྡད། ཨ་མདོའི་ཕོ་གསར་ཞིག་གིས་ཁོང་གཉིས་ཀའི་བཟོ་ལྟ་མཐོང་ནས་གུས་ཚུལ་དང་བཅས་ཁྱོད་གཉིས་ཨ་མདོ་ནས་ཡིན་ནམ། ཟ་མ་ཅི་ཞིག་ཟ་འམ། ངས་ཁྱོད་གཉིས་ལ་སྦྱིན་བདག་བྱེད། ཁྱོད་ཀྱི་གོན་རྒྱུར་བལྟས་ནས་ཁྱོད་གཉིས་ཨ་མདོ་ནས་ཡིན་པ་ངས་ཤེས་སོང་ཞེས་བཤད་པས་ཁོ་གཉིས་དགའ་སྤྲོ་སྐྱེས་ཤིང་ཁོ་ཚོས་མཉམ་དུ་ཟ་མ་ཟས། ཕོ་གསར་དེས་ངས་འགྲམ་དང་རྒྱ་གར་གྱི་བར་ན་ཚོང་རྒྱག་གིན་ཡོད། ཚོང་བ་ཆེན་པོ་ཞིག་མིན་ནའང་ཁྱོད་གཉིས་ལ་རོགས་ཆུང་ཆུང་རེ་བྱེད་དགོས་ཚེ་འཛེམ་དོག་མེད་པར་བཤད་རོགས་ཞེས་བཤད་ཅིང་། ཁོང་གཉིས་ནས་ཀྱང་རང་རང་ཨ་མདོ་ནས་ཡིན་ཚུལ་དང་ཕྱིར་ལོག་གིན་ཡོད་པ། ཨམ་སྐད་ལས་ཅི་ཡང་མི་ཤེས་ཚུལ་བཤད། ཟ་མ་ཟས་རྗེས་ཨ་ཁུ་ཚོང་བས་ཟས་རིན་སྤྲད་དེ་ཁོ་ཚོ་རླུང་འཁོར་བུད་དེ་རང་རང་གི་འདུག་སྟེགས་སུ་སོང་། ཁོང་གཉིས་ཀས་ཨམ་སྐད་མ་གཏོགས་ཅི་ཡང་མི་ཤེས་བ་དེས་སོང་གིན་སོང་གིན་ཕན་ཚུན་གྱི་སེམས་ཐག་ཇེ་ཉེར་གྱུར་ཞིང་ཡུན་གྱིས་ཁ་བརྡ་ཇེ་མང་ལ་སོང་།
‘‘ཨ་ཁུ། ཁྱོད་ཨ་མདོ་གང་གི་ཡིན།’’
‘‘ང་རྨ་ཆུའི་ཡིན། ཁྱོད་གང་གི་ཡིན།’’
‘‘ང་མཚོ་སྔོན་ནས་ཡིན།’’
‘‘ཁྱོད་ཀྱིས་དབྱིན་སྐད་མི་ཤེས་སམ། རྒྱ་གར་ལ་ནམ་ཡོང་བ་ཡིན།’’
‘‘ངས་དབྱིན་སྐད་མི་ཤེས། ང་སློབ་གྲར་འགྲོ་མ་མྱོང་། ཨ་ཁུ། ཁྱོད་༧རྒྱལ་བ་རིན་པོ་ཆེར་ཨེ་མཇལ།’’
‘‘ལོས་མཇལ། ས་འདིར་ཡོང་ནས་༧རྒྱལ་བ་རིན་པོ་ཆེར་མ་མཇལ་བར་ཕྱིར་འགྲོ་མཁན་ཞིག་གང་ན་ཡོད། ད་ལོ་རྡོ་རྗེ་གདན་ནས་མཇལ་བ་ཡིན། ཁྱོད་མ་མཇལ་ལམ།’’
‘‘ང་ར་མཇལ་ཡིན། རྡོ་རྗེ་གདན་ནས། ’’
‘‘་་་་་་་’’
ཉིན་མཚན་གསུམ་གྱི་ལམ་ཐག་ནི་དེ་འདྲའི་ཐུང་ཐུང་ཞིག་མིན་ནའང་ཁ་བརྡ་བྱེད་བཞིན་སོང་བས་དེ་ཙམ་རིང་བའི་སྣང་བ་མ་ཤར། ཁོང་གཉིས་ཀ་ཐ་མན་ཀྲུར་འབྱོར་བ་དང་རྨ་ཆུའི་ཕོ་གསར་འགས་སྒུག་ནས་འདུག། ཚང་མས་ཨ་ཁུ་དོན་ཁོ། ཁྱོད་བདེ་མོ་ཟེར་བཞིན་གཡས་སྐྱོར་གཡོན་སྐྱོར་གྱིས་བསུ་བ་བྱས། ཨ་ཁུས་འཛུམ་མདངས་དང་བཅས། དྲིན་ཆེན་ཚོ། འདིར་ཁྱོད་ཚོ་མེད་ཚེ་ང་གང་ལ་འགྲོ་ཟེར་བཞིན་དཔལ་འབྱོར་ཚེ་རིང་གི་གདོང་ལ་བལྟས། དེ་ནི་རང་གིས་ཅི་ཡང་མི་ཤེས་ཤིང་ཚང་མ་ཁྱོད་ཚོའི་བཀའ་དྲིན་ཡིན་པའི་བརྡ་བསྟན་པ་ཡིན་ལ། དེ་དང་མཉམ་དུ་མི་འདི་ལའང་རོག་པ་ཞིག་བྱེད་མི་ཐུབ་བམ་ཞེས་བའི་བརྡའང་ཡིན། རྟ་རྒན་དྲིན་ལ་བོང་རྒན་དབུས་ལ་སོང་ཞེས་བའི་དཔེ་བཞིན་དཔལ་འབྱོར་ཚེ་རིང་ཡང་ཨ་ཁུ་དོན་ཁོའི་དྲིན་ལ་འགྲམ་གྱི་འགག་སྒོ་བརྒྱུད་ནས་ལྷ་སར་འབྱོར། ཕྱོགས་གཞན་ཞིག་ནས་བཤད་ན་འདི་ནི་ངན་པ་འདྲེ་ལ་མི་དགོས་ཞེས་བའི་དཏམ་དཔེ་དེའི་དཔེ་མཚོན་ཡང་ཡིན་སྲིད།
གྲོང་ཁྱེར་ལྷ་ས་ནི་སྔར་བཞིན་འོད་ཆེམ་མེར་འདུག་ནའང་འགྲོ་ས་མེད་ལ་འདུག་སའང་མེད་པའི་མི་ཞིག་ལ་མཚོན་ན་ནང་བ་སངས་རྒྱས་བའི་ཆོས་ཀྱི་ལྟེ་གནས་ལ་སླེབས་པའི་སྣང་བ་མི་འདུག། དཔལ་འབྱོར་ཚེ་རིང་གི་སེམས་ལ་ཐོག་མར་དྲན་པ་ནི་ལྷ་སའི་བར་སྐོར་གྱི་སྤྲང་བོ་ཚང་མ་བང་བསྒྲིགས་པའི་ལམ་འགྲམ་དེ་ཡིན། ཁོས་བསམ་བློ་ཅི་ལྟར་བཏང་ནའང་ཁོའི་སེམས་སུ་ལམ་འགྲམ་དེ་ལས་ཅི་ཡང་མི་དྲན།
‘‘ཨ་ཁུ་ལོ་ལོ། རྩམ་པ་ཅུང་ཙམ་སྤྲོད་རོགས། ང་ཨ་མདོ་ནས་ཡོང་བའི་མཇལ་བ་ཞིག་ཡིན།’’ཞེས་ཉིན་དང་པོར་ཁོས་སྐད་ཤུགས་ཆེན་པོས་སློང་མོ་བརྒྱབས་ནའང་རྩམ་སྐྱ་སྤར་མོ་གང་གི་ཡོང་སྒོའང་མེད་པར་གྱུར། དེ་ལྟ་ནའང་ཁོ་ལ་འགྲོ་སའི་གནས་གཞན་པས་ས་ཆ་འདི་ནི་ཁོ་ལ་མཚོན་ན་འདུག་ས་ཡག་ཤོས་དེ་ཡིན། དེ་རིང་ཡང་རྩམ་པ་རག་པའི་རེ་བ་ཕྲ་ནའང་ཁ་སང་བཞིན་ད་དུང་མི་འདུག་ཐབས་མེད་ཆགས། ལུས་ཤུགས་སད་ཅིང་སེམས་ཤུགས་ཆགས་པའི་ངང་ད་དུང་འགྱིག་ཁུག་གི་ཁ་གནམ་ལ་སྐོར་ཞིང་ལག་པ་གཉིས་མདུན་དུ་སྲིང་ནས་སློང་མོ་བྱེད་བཞིན་བསྡད། མདོ་དབུས་ཁམས་གསུམ་གྱི་མཇལ་བ་ཚང་མས་རང་གི་རྡོག་ལམ་ཁོ་ནར་བལྟས་ཏེ་མ་ནི་འདོན་འདོན་བཞིན་གཙུག་ལགས་ཁང་ལ་གཡས་སྐོར་བརྒྱབས། སྤྲང་བོ་ཚོར་མིག་གིས་ལྟ་མཁན་མི་འདུག་པ་མ་ཟད་ད་དུང་ཁོ་ཚོའི་སློང་སྐད་ལ་ཚང་མས་སུན་སྣང་བྱེད་ཀྱིན་ཡོད་པ་འདྲ། གློ་བུར་དུ་ཨམ་ལྭ་གོན་པའི་རྒད་པོ་ཞིག་དང་རྒན་མོ་ཞིག་གིས་འགྲོ་མཚམས་བཞག་ནས་ཁོའི་གདོང་ལ་ཅེར་ནས་བསྡད། དཔལ་འབྱོར་ཚེ་རིང་གིས་རང་གི་རྣམ་ཤེས་ཕྱི་མ་ནས་ཕྱིར་བཀུག་ཏེ་བལྟས་བ་ན་དེ་ནིི་ཁོང་གི་ཆུང་མ་ཟུར་བ་དུང་མཚོ་སྐྱིད་ཀྱི་ཨ་ཕ་སངས་རྒྱས་དང་ཨ་མ་ལྷ་མོ་གཉིས་གནས་མཇལ་དུ་ཡོང་དང་འཕྲད་པ་ཚོར། རྒད་པོས་རྒན་མོའི་གདོང་ལ་བལྟས་བ་ན་རྒན་མོས་རྒད་པོའི་ཕྱོགས་སུ་སྔ་ས་ནས་བལྟས་ནས་བསྡད་འདུག་ལ། དེ་ནི་ཨ་མ་ལྷ་མོས་རང་གི་ཁྱོ་ཀར་དྲིས་བའི་དྲི་བ་ཞིག་སྟེ། ད་ནི་ཅི་ཞིག་བྱེད་དགོས་སམ་ཞེས་བའི་དོན་དུ་གོ།
ཨ་ཁུ་སངས་རྒྱས་ཀྱིས་བསམ་བློ་མང་པོ་མི་གཏོང་བར། ‘‘གསར་བུ། སྟག་ཤ་རར་སེང་ཆེན་བཅོ་བརྒྱད་ཅེས་བ་རེད། ད་རྩམ་པ་སློང་། ང་ལ་སྟེར་རྒྱུ་ཅང་མེད།’’ ཅེས་བཤད་དེ་ཕྱིར་ལྟ་མེད་པར་སོང་བ་ན་ཨ་མ་ལྷ་མོས་སྙིང་བརྗེ་ཡིས་མ་བཟོད་པར་རྒད་པོ་ལོ་ལོ། འདི་ལ་རྩམ་སྐྱ་ཞིག་སྟེར་རོགས། ངས་འདིའི་རོ་བློས་མི་ཐོངས་ཀི་ཟེར་བཞིན་རྩམ་པ་སྤར་མོ་འགའ་དཔལ་འབྱོར་ཚེ་རིང་གི་འགྱིག་ཁུག་ནང་བླུགས་རྗེས། འདི་མོ་འདིའི་ངོ་མིག་གིས་མི་རིག་པ་ཤོག། སྐྱུར་བསམ་ནའང་སྐྱུར་མི་ཐུབ་གི་ཟེར་བཞིན་ཨ་ཁུ་སངས་རྒྱས་ཀྱི་རྗེས་སུ་སོང་། དཔལ་འབྱོར་ཚེ་རིང་གིས་རྩམ་པ་མཐོང་ནས་ངོ་ཚ་ཞེས་བ་ཞིག་ཡོད་པ་གཏིང་བརྗེད་དུ་སོང་། ཁོས་རྩམ་སྐྱ་རྒྱགས་ཚད་ཟས་པས་དེ་མུར་གཉིད་དུ་ཡུར་ཞིང་ཕྱི་དྲོ་གཉིད་སད་པ་ན་རང་གི་རྩམ་ཁུག་ཀྱང་རྐུན་མས་ཁྱེར་ཟིན་པ་ཚོར།
སློང་ཁུག་མེད་པའི་སློང་མོ་བ་ཞིག་གྲོང་ཁྱེར་ལྷ་སའི་བར་སྐོར་ནས་ཡུན་རིང་ལུས་བའི་ཞོགས་པ་དེར། ངོ་མི་ཤེས་བའི་ཕོ་གསར་ཞིག་ཐད་ཀར་ཁོའི་ཕྱོགས་སུ་སླེབས་སོང་། ཁོས་ཕོ་གསར་དེ་མཐོང་མ་ཐག་རྒྱུ་ཅི་ཞིག་གིས་དགའ་བ་མི་ཤེས་ལ་རྐྱེན་གང་གིས་སྤྲོ་བའང་མི་ཤེས་བར་ཁོའི་སེམས་ལ་དགའ་སྤྲོའི་ཚོར་བ་ཞིག་རང་ཤུགས་ཀྱིས་སྐྱེས། ཕོ་གསར་དེ་ཁོའི་མདུན་ལ་སླེབས་སོང་། ཁོའི་སྙིང་ལྡིང་གིན་འདུག། ཁོས་གཟབ་ནན་གྱིས་ཉན་ནས་བསྡད།
‘‘ཨ་རོགས། ཨ་མདོ་ནས་ཡིན་ནམ།’’
‘‘ཡིན།’’
‘‘ཨ་མདོར་འགྲོ་ཡི་ཡིན་ནམ།’’
‘‘འགྲོ་ཡི་ཡིན། ཡིན་ནའང་ང་ལ་འགྲོ་བྱེད་ཀྱིི་སྒོར་མོ་མེད།’’
‘‘ངའི་རླུང་འཁོར་ནང་ལ་ཅ་ལག་ཅིག་བརྩིག་དགོས། ཁྱོད་ཀྱིས་དེ་རྩིག་རོག་བྱོས་དང་ངས་ཁྱོད་འཁྱེར་ཆོག།’’
ལས་ཤིག་ཡོད་ན་ལམ་ཞིག། ལམ་སྣེ་དེ་ན་རུ་ཞིག་ཅེས་བཞིན་དཔལ་འབྱོར་ཚེ་རིང་གི་རླུང་རྟ་རྒྱུག་ནས་རང་ཡུལ་ཨ་མདོའི་ཕྱོགས་སུ་འགྲོ་བའི་ལམ་སྣེ་རྙེད། ཨ་ཁུ་ཚོང་བས་དཔལ་འབྱོར་ཚེ་རིང་ལ་ཤ་མོག་མོག་རྒྱག་ཚད་ཟ་རུ་བཅུག་རྗེས། ཡ། ད་ཅ་ལག་རྩིགས་ཟེར་ལ་དེ་ནི་རླུང་འཁོར་གྱི་ནང་ལ་སྣུམ་བླུགས་པ་དང་འདྲ། དཔལ་འབྱོར་ཚེ་རིང་གིས་ཅ་ལག་བརྩིགས་བརྗེས་ཁ་ལོ་བས་རླུང་འཁོར་ནང་ལ་བཟུང་ནས་ཨ་མདོའི་གནའ་མཁར་ཟི་ལང་ལ་གཡུག་པ་མ་ཟད་ཟི་ལང་ནས་ཁོའི་ནང་ལ་འགྲོ་བའི་རླུང་འཁོར་གྱི་འཛིན་བྱང་ཀྱང་ཉོས།
ཕ་ཡུལ་དང་བར་ཐག་ཇེ་ཉེ་ཇེ་ཉེ་རེད། ཁོའི་སྙིང་ལྡིང་གིན་འདུག། དཔལ་འབྱོར་ཚེ་རིང་ཁྱིམ་དུ་འཛུལ་མ་ཐག་ཨ་མ་ངུས་སོང་ལ། དེ་ནས་ཨ་ཅེ་དང་ནུ་མོ་གཉིས་ངུས་སོང་། ཁོ་ཚོ་ངུས་ཀྱིན་ངུས་ཀྱིན་ངུ་སྐད་ཀྱི་སྣེ་མོ་ཁ་བརྡར་མཐུད་ཅིང་། ཁོ་ཚོས་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ཕུ་བོ་དང་ནུ་བོ་གཉིས་ངུས་སོང་ལ། དེ་ནས་ཕ་རྒན་ངུས་སོང་།
ཕྱི་ཉིན་ཉི་མ་ཤར་བ་དང་ཆུ་ལེན་བུ་མོ་ཚོ་ཆུ་མགོ་ཁྱ་ལྡང་ཁར་འཛོམས་ཏེ་ནམ་རྒྱུན་བཞིན་གསར་འགོར་གསལ་བསྒྲགས་སྤེལ་བཞིན་འདུག།
‘‘རྒྱ་གར་དཔའ་ཁོ་ཕྱིར་ཡུལ་ལ་བསླེབས་སོང་ཟེར་བ་ཐོས་སམ།’’ དེ་ནི་ཚེ་རིང་སྒྲོལ་མའི་སྐད་རེད་ལ་དེ་ནས་ཚང་མས་མཉམ་བཤད་བྱས།
‘‘ཚེ་རིང་སྒྲོལ་མར་གསེར་གྱི་རྣ་ལོང་ཆ་ཞིག་ཉོས་འདུག་ཟེར།’’
‘‘ཧོ་ཧོ་ཡེ། རྐང་མགོ་ན་ལྷམ་མི་འདུག་ཟེར། གསེར་གྱི་རྣ་ལོང་ཞིག་ཨེ་ཡོད་དམ།’’
‘‘རྒྱ་གར་ལ་སོང་ནས་༧རིན་པོ་ཆེར་མཇལ་མ་ཐུབ་བ་རེད་ཟེར།’’
‘‘རྒྱ་གར་ནས་ལྟོགས་ཏེ་མ་སྡོད་པ་རེད་ཟེར།’’
‘‘སྨད་རྒྱ་ནག་ལ་སོང་ནས་ཁ་མ་སོས། སྟོད་རྒྱ་གར་ལ་སོང་ནས་དོན་མ་འགྲུབ་ཞེས་བ་དེ་ཁོ་ཡིན་རྒྱུ་རེད།’’
‘‘་་་་་་་་’’
ཆུ་ལེན་བུ་མོ་ཚོས་རང་རང་གི་ཆུ་ཟོ་ཁུར་ཏེ་དཔལ་འབྱོར་ཚེ་རིང་ཚང་གི་ལྷས་འདབས་རྒྱུད་དེ་འགྲོ་སྐབས་ཇེ་དལ་དུ་བཏང་ཞིང་ཚང་མས་དཔལ་འབྱོར་ཚེ་རིང་ཚང་གི་ཕྱོགས་སུ་བལྟས། དཔལ་འབྱོར་ཚེ་རིང་མིག་གི་མཐོང་ལམ་དུ་མ་གྱུར་མོད། ཁོ་ཚོས་གསལ་བོར་ཐོས་ཐུབ་པ་ཞིག་ལ་ཁོའི་ཕ་རྒན་ད་དུང་ངུ་བཞིན་འདུག།