མེ་ཏོག་མང་བའི་རི་མཐོ་ས་གཙང་གི་ཡུལ་ལྗོངས་དེ་རུ། གནག་མོ་ནོར་གྱི་ངུར་སྒྲ་དང་གཡང་དཀར་ལུག་གི་འབའ་སྒྲའི་རམ་འདེགས་བར་ནས། ངས་ཁྱོད་ལ་གནམ་སྔོན་པོའི་ཕྱེད་ཀ་དབང་བའི་གཏམ་རྒྱུད་དེ་བཤད་ན་འདོད། ཀུན་བཟང་སྐྱིད།

ཨ་ཕ་དང་ཕུ་བོ་གཉིས་བཙོན་ལ་ཚུད་པ་ནས་བཟུང་། ཁྱོད་ཁོ་ནས་འུར་རྡོ་བཟུང་སྟེ་ཁྱི་སྤྱང་གི་ཁ་གཏད་ན་སྤོབས་པས་བཞེངས་ཡོད། ཨ་མ་དང་ནུ་མོ་གཉིས་ཀས་སེམས་པ་གཏད་སའང་ཁྱོད་ཁོ་ན་ཡིན་ལ། རི་ཆུ་སྟོང་ཕྲག་གི་བདག་པོའང་ཁྱོད་ཡིན། དེ་བས་གནམ་སྔོན་པོ་འདིའི་ཕྱེད་ཀ་ཁྱོད་ལ་དབང་། ཀུན་བཟང་སྐྱིད།

ཨ་རག་བཙན་པོ་དང་ཁ་ཚ་དམར་བོའི་ངོ་སྤྲོད་དུའང་ཡོད་ཚད་ཀྱི་ཕྱེད་ཀ་ཁྱོད་ལ་དབང་བའི་་་་་་། ངའི་བསོད་ནམས་ལ་བལྟས་ན་གནམ་གྱི་ཕྱེད་ཀ་དབང་ངམ་ཞེས་ལོག་འདྲི་མ་བྱེད། ངུ་ཆོག་ཆོག་གི་གཤིས་ཀ་དེ་དོར་ནས། ཅི་ཞིག་གིས་ཡིད་ཚིམ་པ་བཞིན་ཅི་ཡང་མི་དགོས་བའི་ཆོག་ཤེས་དེ་དོར་དང་། ཁྱོད་ནི་ཕོ་ལུས་རྫོགས་པའི་ཕ་ཡུལ་གྱི་བདག་པོ་ངོ་མ་དེ་ཡིན། དེ་བས་གནམ་སྔོན་པོ་འདིའི་ཕྱེད་ཀ་ཁྱོད་ལ་དབང་། ཀུན་བཟང་སྐྱིད།

རྒོད་པོ་ཚོ་མདའ་གཞུར་འཐུམས་པ་ནས། ང་དང་ང་ལྟ་བུའི་ཕོ་རྟགས་འཛིན་པའི་བུ་མོ་ཚོ་ཕྱི་ལ་བྲོས་སོང་། ཡིན་ནའང་ཁྱོད་ཀྱིས་ད་དུང་ཕ་ས་སྲུང་ནས་ཨ་མ་གཉོར་བཞིན་ཡོད།  འུར་རྡོ་བཟུང་ནས་རྒྱང་ལྟ་བྱེད་བཞིན་ཡོད། ཁྱོད་ནི་ས་སྲུང་ཡིན་ལ་ཡུལ་སྲུང་ཡང་ཡིན། དེ་བས་གནམ་སྔོན་པོ་འདིའི་ཕྱེད་ཀ་ཁྱོད་ལ་དབང་། ཀུན་བཟང་སྐྱིད།

སྤོབས་པ་དང་ལ་རྒྱས་བཞེངས་ཞིང་སྙིང་དུ་སྡུག་པའི་བུ་མོ་ཁྱོད་དང་ཁྱོད་ཀྱི་འཐབ་གྲོགས་མ་ཚོ། ལོ་རྒྱུས་ཀྱི་ལྟེབས་ཁུག་ཅིག་ན་འོད་དུ་འཚེར་བའི་ཡིད་བཞིན་གྱི་ནོར་བུ་རེ་རེ་ཡིན། ཕྱི་ཐག་རིང་བའི་སེམས་པ་འདི་དང་། རུས་དུང་ཆེ་བའི་གཤིས་ཀ་འདིས། ཕ་ས་གོར་མོ་འདི་ངུ་ཞོར་ངུ་ཞོར་ལ་ད་དུང་ལྷོད་ཀྱིན་མེད། དེ་བས་གནམ་སྔོན་པོ་འདིའི་ཕྱོད་ཀ་ཁྱོད་ལ་དབང་། ཀུན་བཟང་སྐྱིད།

འདོན་སྤེལ།: ༢༠༡༠/༡༠/༠༨

 

  • loading
  • #1

    སྤན་ཆབ་ཀྱིས (Tuesday, 04 October 2011 21:44)

    ལགས་སོ་་ཚིག་ཉིང་དོན་བསྡུས་པའི་སྙན་ཚིག་འདིའི་བྱེད་པོ་སུ་ཡིན་ནམ་དྲ་བདག་ལགས།

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།