༧ ཡིད་བཞིན་ནོར་བུས་ནམ་མཁའི་དབྱིངས་སུ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། དཀར་ཞིང་དྭངས་བའི་དུང་ཟླ་སྒོར་མོ་འདི་མཐོང་ཐེངས་རེར། ངོས་ཀྱི་སེམས་ལ་བདེ་སྐྱིད་ཀྱི་ཚོར་བ་བསིལ་མོ་ཞིག་ཡོང་གིན་འདུག་གསུངས་བ་དང་། ཆོས་ཞུ་བ་ཚང་མས་མཉམ་གཅིག་ཏུ་ནམ་མཁའི་དབྱིངས་སུ་བལྟས། སྤྲིན་ནག་གི་ཡོལ་བ་ཞིག་གིས་ཁོ་ཚོ་ཚང་མའི་མཐོང་ལམ་ཡོངས་སུ་བཅད་འདུག ཡིན་ནའང་ཅི་ཡང་མ་མཐོང་ལ་གང་ཡང་མ་ཤེས་བའི་རྣམ་འགྱུར་སུ་ལའང་མི་འདུག ལ་ལས་སྤྲིན་པར་ཅེར་ནས་ལགས་སོ་ཟེར་ལ། ལ་ལས་མིག་ཟུང་བཙུམས་ནས་ལགས་རེད་ཟེར། ཁ་ཤས་ཀྱིས་མགོ་བསྒུར་ནས་སྐྱབས་སུ་མཆི་ཟེར་ལ། ད་དུང་དད་ལྡན་པ་ཁ་ཤས་གསུང་ཆོས་ར་བའི་ཟུར་གཞན་ཞིག་ན་གཉིད་དུ་ཡུར་འདུག
‘‘དེ་འཕགས་པའི་བདེན་པ་བཞི་རེད། ད་རྫོགས་སོང་། བཀྲ་ཤིས་བདེ་ལེགས།’’
ཁོ་ཚོས་༧ ཡིད་བཞིན་ནོར་བུས་གསུང་ཆོས་གསུང་ནས་རྫོགས་སོང་བ་དེའང་མ་ཤེས་བར་ད་དུང་ཁ་གདང་ཞིང་མིག་ཅེར་ནས་འདུག།
གང་ལྟར་གསུང་ཆོས་གྲོལ་རྗེས་ཁོ་ཚོའི་ཀླད་པའི་ནང་ན་བདེན་པ་བཞིའི་འཁོར་ལོ་འཁོར་གྱིན་མེད་དམ་སྙམ་པའི་སྤྲོ་སྣང་ཞིག་དང་བཅས་ཚང་མ་རང་རང་སར་ལོག། ལམ་བར་ནས་མི་ལ་ལས་གསུང་ཆོས་ར་བ་ནས་གསལ་ལ་མི་གསལ་བའི་ཟླ་བ་མོག་མོག་ཅིག་མཐོང་སོང་ཞེས་པས། ཟླ་བ་མ་མཐོང་བའི་མི་གཞན་དག་གིས་བརྗོད་དོན་གཞན་ཞིག་བཙལ་ནས་མཁས་མདོག་གཞན་ཞིག་བསྟན།
གངས་ལྗོངས་ནི་མ་གཞི་ནས་བསིལ་ལྗོངས་ཤིག་ཡིན་པས་ང་ཚོར་མཁོ་བ་ནི་ཟླ་བའི་བསིལ་ཟེར་དེ་མིན་པར་རང་སྟེང་ནས་འཚེར་ཞིང་དྲོད་འབར་བའི་འོད་སྣང་ཞིག་ཡིན་དགོས་ཟེར་བཞིན། ངོ་གདོང་ལྷུལ་བོ་འཛུམ་མདངས་ཀྱིས་གང་ཞིང་སྐད་ཆ་ཆེན་པོ་ཆེན་པོ་ཞིག་བཤད་ཡོད་པའི་རྣམ་འགྱུར་བསྟན།
ངོ་མ། དེ་ནི་ཡིན་དགོས་བ་ཞིག་ཡིན་པའི་དབང་དུ་བཏང་ནའང་ཡོང་སྲིད་པ་ཞིག་ཡིན་མིན་ཁོ་ཚོས་ཀྱང་ད་དུང་ཤེས་ཀྱིན་མེད། ཁོ་ཚོས་དྲངས་བའི་གནས་ལུགས་དང་རྒྱུ་མཚན་ནི་གནའ་སྔ་མོ་ཞིག་ལ་བྱི་ལ་ཞ་ར་ཞིག་གིས་ཙི་ཙི་ཤི་རོ་ཞིག་བརྙེད་པའི་གཏམ་རྒྱུད་དེ་རེད།
འདོན་སྤེལ།: ༢༠༡༠/༠༩/༡༤
