( ཁ་སང་ཡང་ཁྱོད་ཀྱིས་ཅི་ཞིག་དྲན་པ་བཞིན་གློ་བུར་དུ་ཁ་སྐད་མི་དགོས་ཞེས་བསྐྱར་བཤད་ཅིག་བྱས་འདུག་པས་ངས་ཁྱོད་ལ་གསལ་བཤད་འདི་བྱས་བ་ཡིན།)
ཁ་སྐད་བྲིས་ན་ཡིག་སྐད་ཤུལ་མེད་དུ་གཏོང་གིན་འདུག་པས། ཡིག་ཐོག་ལ་ཁ་སྐད་ཡོང་ས་མེད། དེ་ནི་སྐད་ཡིག་གི་དགྲ་བོ་ཡིན་ཞེས་ངའི་བླ་རྒན་གྱིས་ཀུ་མ་བཏབ་བསམ་པ་མེད་མོད། དེའི་ཞོར་ལ་ཁྱོད་ཀྱི་སྤྱན་ཡ་གཅིག་ནས་མི་རིགས་དང་དེའི་རིག་གནས་ལ་ཤ་ཞེན་ཆེ་བའང་མངོན་ཡོད། དེ་ནི་འུ་གཉིས་ཀའི་བར་ལ་ཁ་བརྡའི་འབྲེལ་བ་དང་གྲོགས་ཀྱི་འདུ་ཤེས་འཛིན་བྱེད་ཡིན།
ཡིན་ནའང་ཁྱོད་ཀྱིས་ཁ་སྐད་དང་ཡིག་སྐད་གཉིས་མེ་དང་ཆུ་བཞིན་མཉམ་གནས་བྱེད་མི་ཐུབ་པར། ཁ་སྐད་ཡོད་པས་ཡིག་སྐད་ཉམས་འགྲོ་བར་བསམ་པ་དེ་ཡ་མཚན་རེད། གནའ་ནས་ད་བར་བོད་ཀྱི་ཡིག་སྐད་དང་ཁ་སྐད་གཉིས་ལག་པ་གཡས་གཡོན་བཞིན་བོད་པ་ཡིག་མཁན་ཚོའི་ལུས་ལ་འབྱར་ནས་ཡོང་བ་ཡིན་ཡང་། བོད་པ་ཡིག་མཁན་ཞིག་གིས་ཁ་སྐད་བོར་ཟིན་པ་གོ་ཐོས་མ་བྱུང་། གནས་ལུགས་དེ་མགོ་རྟིང་བརྗེས་ནས་བལྟས་ན་ཁ་སྐད་བྲིས་བས་ཡིག་སྐད་མི་བརླག་པའང་ཤེས་ཐུབ། ཡིག་སྐད་མ་གཏོགས་ཁ་སྐད་མི་དགོས་ཞེས་བ་དང་ཁ་སྐད་མ་གཏོགས་ཡིག་སྐད་མི་དགོས་ཞེས་བ་གཉིས་རྒྱ་མའི་སྟེང་ལ་བཞག་ན་སྐད་ཆའི་ལྗིད་ཚད་གཅིག་པ་རེད། དེའི་རྒྱུ་མཚན་ནི་གཉིས་ཀ་གླེན་བཤད་ཡིན་པས་ཁྱི་སྐྱག་གི་ནང་ན་གཙང་བཙོག་མེད་ཅེས་བ་དེ་རེད།
མིའི་རིག་པར་འཕེལ་རིམ་ཡོད་པ་བཞིན་སྐད་ཆ་ལའང་འཕེལ་རིམ་ཡོད། དེ་ནིི་དཔེ་ཆུང་ཆུང་ཞིག་གིས་འགྲེལ་ན་སློབ་ཆུང་སློམ་མ་ཞིག་གིས་སློབ་ཆེན་སློམ་ཞིག་གི་སྐད་ཆ་བཤད་མི་ཐུབ་པ་དེས་མཚོན། དེ་ནི་འཆད་རྩོད་རྩོམ་གསུམ་ལས་འཆད་པའི་གོ་རིམ་རེད་ལ་རྩོམ་པ་དང་རྩོད་པ་ལའང་གོ་རིམ་འདི་ངེས་བར་དུ་བརྒྱུད་དགོས།
སུ་ཞིག་གིས་ཅི་ཞིག་འབྲི་འདོད་དེ་སྨྱུག་རྩེ་ཤོག་བུའི་ངོས་སུ་གཏད་སྐབས། རང་གིས་བེད་སྤྱོད་བྱེད་ཐུབ་པའི་མིང་ཚིག་དག་བསྒྲིགས་ནས་འབྲི་བ་ལས་ཐབས་གཞན་ཅི་ཡང་མེད། དེ་ན་བྱིས་བ་ཚོས་མི་རྒན་དག་གི་སྐད་ཆ་བཤད་མི་ཤེས་པས་ཁོ་ཚོར་ཁོ་ཚོས་སྦྱངས་ཟིན་པའི་མིང་ཚིག་དེ་དག་ལས་མེད་ལ། ལྷག་པར་དུ་ཁོ་ཚོ་དཔེ་ཀློག་གི་ལས་ལ་ཞུགས་མེད་པས་ཁོ་ཚོས་འཚོ་བའི་ཁྲོད་ཀྱི་ཁ་སྐད་དེ་དག་བེད་སྤྱོད་མི་བྱེད་ཐབས་མེད་ཡིན། ཡིན་ནའང་ཁ་སྐད་མ་འབྲི་ཞེས་བའི་སྐད་ཆ་སྦོམ་པོ་འདིས་བྱིས་པ་ཚོའི་རྩོམ་འབྲིིའི་གོ་རིམ་དང་པོ་མེད་པར་བཏང་ཡོད། དེ་བས་བོད་པའི་བྱིས་བ་ཞིག་གིས་བོད་ཡིག་གི་ལམ་ནས་ཉིན་ཐོ་ཞིག་གམ་ཡང་ན་སྙན་ཞུ་ཞིག་འབྲི་དགོས་ཚེ། མ་མཐར་ཡང་ལོ་བཅུ་ལ་ཡི་གེ་སྦྱངས་བའི་དཀའ་སྤྱད་འབད་བརྩོན་གྱི་འབྲས་བུ་ཡོད་དགོས། དེ་ནི་ཁོ་ཚོས་འཚོ་བའི་ཁྲོད་ནས་རྩེད་ཞོར་དགོད་ཞོར་ལ་སྦྱངས་བའི་ཁ་སྐད་དག་ཡིག་གེར་འགོད་མི་རུང་བར་ཡིག་ཐོག་ནས་སྦྱངས་བའི་མིང་ཚིག་རྐྱང་ཡིན་དགོས་བས་རེད། མི་རིགས་གཞན་གྱི་བྱིས་བ་ལོ་དྲུག་ལོ་བདུན་ཙམ་གྱིས་ཀྱང་སྒྲུང་ཐུང་ཀློག་བཞིན་ཉིན་ཐོ་ཁ་གཙང་འབྲི་བཞིན་པ་ངས་དངོས་སུ་མཐོང་མྱོང། མི་རིགས་གཞན་གྱིས་ཁ་སྐད་འབྲི་བཞིན་རིམ་གྱིས་ཡིིག་སྐད་སྤྱོད་པ་ཡིན་ཡང་། ཁ་སྐད་སྦྱངས་པའི་དབང་གིས་ཡིག་སྐད་ཉམ་སོང་བའི་ལོ་རྒྱུས་ཤིག་ད་དུང་ཐོས་མྱོང་མེད། ང་རང་ཉིད་ཀྱི་སློབ་མའི་མི་ཚེ་ལོ་རྒྱུས་དང་སྦྱར་ནས་བལྟས་ཚེ་འདིའི་སྟེང་ནས་ཀྱང་ང་ཚོ་མི་རིགས་གཞན་དང་བསྡུར་ན་མི་ལོ་བཅུའི་རྗེས་ལ་ལུས་འདུག། དམའ་ས་ནས་སྦྱངས་ཏེ་རིམ་པ་བཞིན་མི་འགྲོ་བར་མི་སྙོབ་ནའང་དང་པོ་ནས་མཐོ་སར་འཐམ་པ་འདི། ང་ཚོ་བོད་པ་ཚོ་སངས་རྒྱས་ཀྱི་ས་ཆ་བྲེལ་ནས་ཀ་ཁ་མ་སྦྱངས་བར་བཀའ་འགྱུར་སྦྱངས་བ་དང་གཅིག་པ་རེད།
རང་ལ་གང་ཡོད་པ་དེ་བེད་སྤྱོད་མི་བྱེད་པར་མེད་པ་ཞིག་གི་ཐོག་ལ་ཤི་འཐམ་རོ་འཐམ་བྱེད་པ་འདི་ང་ཚོ་བོད་པ་ཚོའི་གཤིས་སུ་གྲུབ་པ་ཞིག་ཀྱང་རེད།
འདི་ནི་ངས་ཁྱོད་ཁོ་ནར་དམིགས་ནས་མང་ཚིག་སྙི་མོ་དག་བེད་སྦྱོད་བྱས་ཏེ་བྲིས་ཡོད་པས། ད་ཐེངས་ངའི་བླ་རྒན་གྱིས་ཁ་སྐད་བཤད་ན་ཡིག་སྐད་ཉམ་འགྲོ་བར་དགོངས་བ་དེ་ནོར་འཁྲུལ་དང་། ཡིག་སྐད་ཀྱི་རྨང་གཞི་ཁ་སྐད་ཡིན་པ་ངོ་འཕྲོད་པའི་རེ་བ་བྱེད་ཀྱིན་ཡོད།
གནས་ལུགས་ཟབ་མོ་ནགས་ཀྱི་ཕུགས་ནས་རིགས་པའི་མེ་སྟག་གད་པ་ན།།
དགའ་བའི་བུ་ག་ཤུགས་ཀྱིས་བགད་དེ་བརླ་རྐང་རུས་བའི་ལྷུ་ཚིགས་འཐོར།།
ཤ་སྒོང་རྡོ་རྗེའི་ཁྲི་ལ་བཞུགས་པའི་ཟབ་མོ་ཆོས་ཀྱི་ཉམས་ལེན་པ།།
སྐྱི་མོའི་ན་བཟའ་སྐེ་ལ་གོན་ཏེ་ཕྱིར་མི་ལྡོག་པའི་ཡུལ་ལ་བྲོས།།
འདོན་སྤེལ།: ༢༠༡༠/༡༠/༢༩
