ང་རང་རྒྱ་རྒན་ཞིག་ཡིན། ངས་གོ་ཐོས་ལྟར་ན་བོད་པ་ཚོས་གནའ་སྔ་མོ་ཞིག་ནས་ཀུ་བཏབ་པ་རེད་ཟེར། ཡིན་ནའང་ངས་ཀི་སྒྲ་དེ་གོ་དུས་སྤྱི་ལོ་ཉིས་སྟོང་བརྒྱད་རེད། གོ་སྟངས་དེ་ནི་འཇིགས་ཡེར་ཞིང་ཁྲོ་ལང་བ་ཞིག་རེད། མི་ཚང་མས་གྲི་རྒན་རེ་བཟུང་ནས་བརྙན་འཕྲིན་བརྒྱུད་དེ་ངའི་མིག་ལམ་ལ་བསླེབས་སོང་། ངས་ཞིབ་དུ་བལྟས་ཏེ་ཞིབ་དུ་ཉན། ཏྭ་ལེ་རུ་ཚོགས་ཀྱིས་བཀོད་འདེམས་བྱས་པ་ལྟར་མི་དམངས་ཀྱིས་དད་པའི་རྗེས་སུ་འབྲངས་ནས་གཡམ་རྒྱུག་བྱས་བ་རེད་ཟེར། ངས་ང་ལ་དྲིས། ཁོ་ཚོར་ཏ་ལེར་དེ་འདྲའི་དད་སེམས་ཤིག་ཇི་ལྟར་བསླེབས་པ་ཡིན་ནམ། ཀུང་ཁྲན་ཏང་གིས་མི་ལོ་ལྔ་བཅུའི་རིང་ལ་དཔལ་འབྱོར་དང་རིག་གནས་གོང་འཐེལ་དུ་བཏང་ཞིང་ལྷག་པར་དུ་དམངས་གཙོའི་ཀུ་ཡངས་བའི་གོ་སྐབས་བླ་མེད་དུ་སྤྲད་པ་དེས་བོད་རིགས་མི་དམངས་ཀྱི་དད་སེམས་ད་དུང་ཏ་ལེ་ཡི་ལག་ནས་ཚུར་འགུག་མ་ཐུབ་པ་དེ་ཅི་ཞིག་མ་འདང་བ་ཡིན་ནམ། ལོ་ངོ་གཉིས་ཀྱི་རིང་ལ་ངས་ང་ལ་དྲི་བ་འདྲི་བཞིན་ལོ་རྒྱུས་བསྔོགས་ནས་དྲིས་ལན་བཙལ།

ང་བརྒྱད་ལོའི་ཟས་བཀག་དང་རིག་གནས་གསར་བརྗེའི་སྐབས་ཀྱི་འཐབ་རྩོད་དེས་ང་ཚོ་ཀྲུང་གོའི་གནས་བབ་ཡ་ང་བ་ཞིག་ཏུ་བསྒྱུར་བ་སྟེ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་ཟམ་གདོང་མཆོག་གིས་གསུངས་བ་བཞིན་ལྷམ་མགོ་རྙིང་བ་དེ་གོན་མ་འདོད་པར་གད་སྙིགས་ནང་ལ་གཡུག་རྗེས་ལྷམ་མགོ་གསར་བ་ཞིག་མ་རག་པར་ཡུན་རིང་ལ་རྐང་རྗེན་དུ་ལུས་བ་ལྟར་སྣང་ཡང་། དེ་ནི་གསར་བརྗེ་བྱེད་པར་དུས་ཡུན་གང་མཚམས་རིང་རྐང་རྗེན་ལ་ལུས་ཀྱང་བཟོད་སྒོམ་བྱེད་ཐུབ་པ་ཞིག་ཡིན་དགོས་བར་འདོད་ཀྱིན་ཡོད། རིག་གནས་གསལ་བརྗེའི་སྐབས་སུ་བོད་རིགས་ཙམ་མ་ཡིན་པར་རྒྱ་རིགས་མི་དམངས་ནས་ཀྱང་དཀའ་ངལ་མང་བོར་གདོང་ལེན་བྱས་ཡོད།

ཤེས་ཚོད་ལྟར་ན་ང་དགུ་ལོའི་ཡར་སྔོན་དང་རིག་གནས་གསར་བརྗེ་མ་བྱས་བའི་སྔ་རོལ་དེར། བོད་མི་རིགས་དང་ལྷག་པར་དུ་བོད་རིགས་མི་དམངས་དཀྱུས་མ་དག་གི་འཚོ་བའི་གནས་བབ་ནི་ང་ཚོ་རྒྱ་རིགས་མི་དམངས་ལས་ཀྱང་ཡ་ང་བར་སྣང་། དེ་ནི་རྒྱའི་ལོ་རྒྱུས་ཁོ་ནར་བལྟས་ཏེ་མཐོང་བ་མ་ཡིན་པར་ཕྱོགས་ཡོངས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱས་བ་ལས་ཤེས་བ་ཡིན། སྤྱི་ཚོགས་གྲལ་རིམ་གྱི་རྣམ་པ་མངོན་གསལ་ཅན་ཡིན་ཞིང་མིས་མི་ཟ་བའི་ཚད་དུ་མ་བསླེབས་ཀྱང་མིས་མི་ཞོན་ནས་འགྲོ་བ་དངོས་ཡོད་དང་བདེན་པ་རེད། དེ་དུས་ཏ་ལེ་བླ་མ་ནི་གོ་བབ་ཀྱི་ཆ་ནས་གཞུང་འཛིན་པ་གཙོ་བོ་དེ་ཡིན་ནའང་མོའོ་ཅེ་ཏུང་བཞིན་དབང་ཤུགས་བཀོད་ཆོག་ཆོག་ཅིག་ཡིན་ཚོད་མི་འདུག་སྟེ། ཏ་ལེ་བླ་མས་ཁོང་གི་མི་དམངས་ལ་བཅིངས་བའི་བརྩེ་བ་ངོ་མ་དེ་ཁོང་གི་མི་དམངས་ཀྱིས་རོལ་ཐུབ་མེད། དེ་ནི་ཁོང་གི་གཞུང་འཛིན་པ་དག་གི་བྱ་བ་ལས་སྟངས་དང་ཁོང་གི་ལས་འཆར་གཉིས་མི་གཅིག་པས་ཡིན་ལ་དེ་ནི་ཏ་ལེ་བླ་མ་ཁོང་གིས་ཤེས་ནའང་ཁྲིམས་འཛིན་གྱི་དབང་ཆ་བེད་སྤྱད་བྱས་ནས་བཀའ་བློན་དག་བརྗེ་བསོར་བྱེད་རྒྱུའི་སྒེར་གཅོད་ཐོབས་ཐང་དེ་ཁོ་ལ་མེད་པའམ་ཡང་ན་གནད་འགག་གཞན་ཞིག་གིས་ཁོང་གི་ཐུགས་ཐོག་ལ་འབབ་དུ་འཇུག་གིན་མེད། དེ་ཡང་ཚིག་གཅིག་གིས་འགྲེལ་ཐུབ་པ་སྟེ། དེ་དུས་ཀྱི་བོད་མི་ཚོའི་སེམས་ཀྱི་བདེ་སྐྱིད་དེ་ཏ་ལེ་བླ་མས་ཆོས་ཕྱོགས་ནས་སྤྲུན་གྱིན་ཡོད་པ་མངོན་གསལ་ཡིན་ཡང་། སྲིད་ཀྱི་དབང་ཤུགས་བཀོད་ནས་མི་དམངས་ལ་བདེ་སྐྱིད་ངོ་མ་ཞིག་ཁོང་གིས་སྤྲུན་ཐུབ་མེད། དེ་ནི་ཁོང་གིས་ཚེ་ཕྱི་མ་ཁོ་ནར་དོ་སྣང་བྱས་ཏེ་མི་ཚེ་འདིའི་བདེ་སྐྱིད་ལ་ལྷོད་གཡེང་ཤོར་བ་མ་ཡིན་པར་དབང་ཤུགས་ཀྱིས་མ་འདང་བ་གསལ་བོ་ཡིན། དཔེར་ན་འཛམ་གླིང་འདིར་དམངས་གཙོའི་ལྟ་གྲུབ་མ་དར་གོང་ནས་བོད་མི་ཚོར་ནང་ཆོས་སྦྱངས་དེ་བདག་གཞན་མཉམ་བརྗེ་ཞེས་བའི་ལྟ་བ་འདི་དར་ཡོད་པ་མ་ཟད་བདག་ལས་གཞན་གཅེས་ཞེས་བའི་དམངས་གཙོའི་ལྟ་གྲུབ་ལས་ལྷག་པའི་གྲུབ་མཐའ་དེའང་དར་ཡོད་ལ། ཏ་ལེ་བླ་མ་ཁོང་ནི་ལྟ་གྲུབ་འདི་དག་དངོས་སུ་ལག་ལེན་བྱེད་མཁན་དེ་རེད། བདག་གཞན་མཉམ་བརྗེ་དང་བདག་ལས་གཞན་གཅེས་ཀྱི་ལྟ་གྲུབ་ཤུགས་ཆེར་སྤེལ་བའི་གཞུང་འཛིན་པ་མཐོ་ཤོས་དེའི་སྤྱི་ཚོགས་ན་མིས་མི་ཞོན་ནས་འགྲོ་བའི་དངོས་ཡོད་ཀྱི་རྣམ་པར་གཞིགས་ན། ཁོང་གིས་ལྟ་གྲུབ་འདི་ཉམས་ལེན་བྱེད་བཞིན་དུ། ཁོ་རང་སྤྱི་ཚོགས་དེའི་བདང་འཛིན་པ་མཐོ་ཤོས་ཡིན་བཞིན་དུ། ལྟ་གྲུབ་འདི་ཁོང་གི་སྤྱི་ཚོགས་སུ་དར་ཁྱབས་བྱེད་མ་ཐུབ་པར་དེ་ལས་ལྡོག་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ལག་ལེན་དངོས་སུ་དར་ཁྱབས་དུ་སོང་བ་ནི་ཁོང་གི་གཞུང་འཛིན་པ་ཚོས་མངོན་ལྐོགས་གཉིས་ནས་བྱ་བ་ལས་སྟངས་མི་གཅིག་པས་རེད་ལ། དེས་གསལ་སྟོན་བྱེད་ཐུབ་པ་ཞིིག་ནི་དད་པ་དམ་ཚིག་ཅེས་བའི་བོད་པ་དང་ནང་པའི་ཆོས་ལུགས་པས་ཡིད་སྟོན་བྱ་རུང་བའི་ཐུན་མོང་མ་ཡིན་པའི་ཡིད་ཆེས་དེ་ཏ་ལེ་བླ་མ་དང་ཁོང་གི་གཞུང་འཛིན་པ་ཚོའི་བར་ན་མེད་པ་གསལ་བོ་ཡིན། ཏ་ལེ་བླ་མས་དོན་དག་འདི་ཤེས་བཞིན་དུ་སྲིད་ཕྱོགས་ཀྱི་དབང་ཤུགས་བཀོད་མ་ཐུབ་པ་དེར་གནད་འགག་གཞན་ཞིག་ཡོད། རྒྱུ་མཚན་འདི་དག་ནི་བོད་མི་དག་གིས་རང་གི་རང་དབང་བརླག་ནས་བཙན་བྱོལ་དུ་འགྲོ་དགོས་བའི་རྒྱུ་མཚན་གྱི་རྩ་བ་ངོ་མ་དེ་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ས་བཟུང་བ་ནི་གོ་སྐབས་འདི་དམ་འཛིན་བྱས་བ་ཙམ་རེད།

ང་དགུ་ལོར་ཏ་ལེ་བླ་མས་བོད་མི་ཁྲི་གཅིག་ཁྲིད་ནས་བཙན་བྱོལ་དུ་སོང་བ་དེའང་ཏ་ལེ་བླ་མ་བཙན་བྱོལ་དུ་སོང་བ་མ་ཡིན་པར་ཁོང་གི་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་སོང་བ་ཞིག་ཡིན་མོད། ཀྲུང་གོའི་ཕྱོགས་ནས་དེ་ནི་ཏ་ལེ་བླ་མའི་སྒེར་དོན་ཞིག་རེད་ཅེས་ལོ་རྒྱུས་དང་དངོས་ཡོད་མི་ཤེས་བའི་རྒྱ་རིགས་མི་དམངས་ལ་ད་དུང་ད་དུང་ད་དུང་མགོ་སྐོར་གཏོང་གིན་ཡོད། བསམ་བློ་གཏོང་བའི་ནུས་བ་ཅུང་ཙམ་ཡོད་པ་དག་གིས་གཞན་གྱིས་བཤད་པ་ལ་མ་ཉན་པར་རང་ངོས་ནས་ཞིབ་འདང་བརྒྱབ་ན། མི་ཞིག་གི་སྒེར་ཐལ་ནས་ཏ་ལེ་བླ་མ་ནི་ལོ་ན་བདུན་བཅུར་བསླེབས་པའི་ནང་བའི་དགེ་སློང་ཞིག་རེད། ཁོང་ལ་ད་ལྟའི་བར་འཛམ་གླིང་ན་མིང་དུ་གྲགས་པའི་རྟགས་མ་ཡོད་ཚད་ཐོབས་མྱོང་བས་ད་ནི་སྒེར་ངོས་ནས་ཁོང་ལ་འཐོབ་འོས་བ་དང་འཚོལ་དགོས་བ་ཅི་ཡང་ལྷག་མེད། ད་དུང་ཏ་ལེ་བླ་མའི་སྒེར་དོན་ཞེས་བཤད་ན་ངས་ནི་སྒེར་དོན་དེ་ཅི་ཞིག་ཡིན་མིན་ཤེས་ཐུབ་ཀྱི་མི་འདུག།

དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་བསླེབས་པ་ནས་ཁོང་གི་གཞུང་འཛིན་པ་ཚོས་རང་ཚུགས་ཡོད་ཚད་ལྷོད་དེ་ཏ་ལེ་བླ་མ་ཁོ་ནར་རེ་བ་བྱེད་ཀྱིན་ཡོད་ལ། གནས་སྟེང་དེའི་འོག་ནས་ཏ་ལེ་བླ་མས་ཆོས་སྲིད་གཉིས་ཀའི་དབང་ཤུགས་དངོས་སུ་བེད་སྤྱོད་བྱེད་ཐུབ་ཀྱིན་ཡོད། ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་བོད་པ་ཚོས་ཏ་ལེ་བླ་མར་དབང་ཚད་འདི་སྤྲོད་པ་ཧ་ཅང་ཕྱི་བ་རེད།

ཏ་ལེ་བླ་མས་རེ་བ་ཆེ་ནས་བྱེད། གྲ་སྒྲིག་སྡུག་ས་ནས་བྱེད་ཅེས་བཤད་མྱོང་ལ་ལོ་འགའི་སྔོན་ནས་ཁོང་གིས་བོད་རྒྱ་མཉམ་གནས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། འདི་ནི་ནང་བའི་ཆོས་ཕྱོགས་ནས་བཤད་ན་བདག་གཞན་མཉམ་བརྗེ་ཞེས་བ་དེ་ཡིན། ཐབས་ཤེས་འདིའི་སྟེང་ནས་བོད་མི་ཚོའི་རེ་བའི་མཐོ་སར་བསླེབ་མི་ཐུབ་ཀྱང་སང་ཉིན་གྱི་གནས་སྟངས་དེ་རིང་ལས་ལྡབ་འགྱུར་གྱིས་ཡག་དུ་འགྲོ་རྒྱུ་ཡིན་པ་ཁོང་གིས་གསལ་བོར་མཁྱེན་གྱིན་ཡོད་ལ། བསམ་བློའི་གྲལ་རིམ་མཐོ་སར་བསླེབས་པ་དག་གིས་བལྟས་ན་རྒྱ་རིགས་མི་དམངས་ལའང་འདི་ལས་ལྷག་པའི་ཁེ་བཟང་ཅི་ཡང་མེད་པ་ཤེས་ངེས་རེད། དཔེ་ཆུང་ཆུང་ཞིག་གི་སྟེང་ནས་བཤད་ན་ཁྱིམ་མཚེས་ཝང་གི་ས་ཐོག་ནས་ཁྱིམ་མཚེས་ཧན་གྱིས་ལོ་ཏོག་ལེན་ཆོག་པ་མ་ཟད་ད་དུང་ཁོང་ལ་བཀོད་འདེམས་བྱེད་རྒྱུའི་དབང་ཚད་སྤྲད་པ་ན་ཁྱོད་ལ་དེ་ལས་ལྷག་པ་ཅི་ཞིག་དགོས། ཁྱོད་ཀྱི་ཆུང་མར་སྤྱོད་པའི་ཐོབས་ཐང་ཀྱང་དགོས་ཞེས་སུས་བཤད་སྤོབས།

གལ་ཏེ་ཏྭ་ལེ་བླ་མའི་སྐུ་མ་བཞུགས་ནའང་བོད་ཀྱི་གནད་དོན་འདི་ད་དུང་ཡུན་གནས་བྱེད་རྒྱུ་ཡིན་པ་བོད་ཕྱི་ནང་གཉིན་ནས་ལོ་རེ་ནས་ལོ་རེར་ཇེ་གསལ་ནས་ཇེ་གསལ་ལ་གཏོང་བཞིན་ཡོད་པས། ད་ལྟའི་བདག་གཞན་མཉམ་བརྗེའི་ལྟ་བ་འདིའི་སྟེང་ནས་བོད་རྒྱའི་གནད་དོན་ཐག་གཅོད་ཀྱིས་ཀྲུང་གོར་ཁེ་བཟང་ལེན་ཐུབ་མཁན་དེ་ཧུའུ་ཅིན་ཐོ་ཡིན་ནམ་ཞིས་ཅིན་ཕེན་ཡིན།

འདོན་སྤེལ།: ༢༠༡༠/༡༡/༡༤

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།