བོན་རྒྱའི་བླ་རྒན་བཙལ་བའི་གཏམ་རྒྱུད།
དུས་བབ་ཚང་གིས་ལས་བའི་ཉོག་ཟངས་ཆེན་པོ་དེ་ད་དུང་ཡང་ཁ་གནམ་ལ་སྐོར་ནས་བཞག་ཡོད། ཉོག་ཟངས་སྲུང་མཁན་མང་བོས་ས་རུབ་སྟེ་ཡུན་རིང་འགོར་ནའང་ད་དུང་ཉོག་ཟངས་ཀྱི་མཐའ་སྐོར་ནས་སྡད་ཡོད། ཉོག་ཟངས་དེའི་ནང་ན་བློས་མི་ཐོང་བ་ཅི་ཡང་མེད་ནའང་། ཚང་མས་རང་རང་གི་ལོབ་ཕྱོགས་ལྟར་གཅིག་གིས་གཅིག་ལ་གསེག་འབྲི་བཞིན་ཉོག་དཀྲུག་ནས་སྡད་ཡོད། ཉོག་ཅི་ཙམ་གྱིས་མང་བ་ཟས་ན་དེ་ཙམ་གྱིས་ཧམ་པ་ཆེ་རུ་འགྲོ་བ་ནི་ཁ་བ་ནག་པོ་དང་ཤ་ཁྲག་རུས་གསུམ། གསལ་ལེ་རྒྱལ་སོགས་ཡིན། ཁོ་ཚོ་ཚང་མ་ཉོག་གི་དུས་རབས་སྔོན་མའི་མི་དག་དག་ཡིན་ནའང་ད་དུང་ཅི་ཞིག་གིས་ཡིད་མ་ཚིམས་པ་ལྟར་ས་བཟུང་ནས་གཞིས་ཆགས་ཏེ་བསྡད་ཡོད། དེ་མིན་ད་དུང་ཉོག་དཀྲུག་མཁན་མང་ནའང་དེ་དག་གསར་འབྱོར་ཚོ་ཡིན།
ཉོག་ཟངས་ཁ་ནས་ལང་ཚོ་རྒྱས་ཏེ་དག་ཞིང་ལ་འཕུར་སོང་བ་མང་བོ་ཡོད་ལ། དེའི་ནང་གི་གཅིག་ནི་བོན་རྒྱའི་བླ་རྒན་ཡིན། ཁོ་ལ་གཤོག་པ་སྐྱེས་རྗེས་སྦྲ་རྒན་ནག་ལྡང་ཐང་དཀྱིལ་ནས་ནག་ལྷབ་སེ་རོ་ཤུན་བཞིན་གཡུག་ནས་ཕྱིན་སོང། འདི་ནི་དག་ཞིང་ལ་འཕུར་སྟངས་ཤིག་རེད། བླ་རྒན་དང་ངེད་གཉིས་སེམས་ཐག་ཉེ་བའི་དབང་གིས་ང་རང་འདི་ལྟར་འདུག་མ་ཐུབ་པར་ཁོའི་སྦྲ་ནང་ལ་ལྟ་རུ་སོང། སྦྲ་རྒན་གྱི་ཡ་ཕུགས་ན་ཉོག་སྣོད་འགའ་དང་དགོན་པ་ནས་ཁྱེར་ཡོང་བའི་རྟ་ལྕག་ཅིག་འདུག་ལ། ད་དུང་ཁ་རྒྱགས་གི་ཁུག་མ་ཞབས་མེད་ཅིག་འདུག ཁ་རྒྱགས་ཀྱི་ཁུག་མ་དེའི་སྟེང་ལ་རང་གི་གཟན་དང་ཤམ་ཐབས་གཉིས་ལྟེབ་བརྩེག་བརྒྱབ་ནས་བཞག་ཅིང་དེའི་སྟེང་དུ་སྐ་རགས་བཞག་འདུག ཅ་ལག་དེ་དག་གི་ཐོག་ལ་ས་རྡུལ་བབས་པར་བལྟས་ན་གནས་འདི་དང་ཁ་བྲལ་ནས་ཡུན་རིང་འགྲོར་སོང་བ་ཤེས་ཐུབ། ང་ལ་སེམས་ཁུར་ལངས་ཏེ་ཁོང་གི་རྐང་རྗེས་དེད་ནས་འཚོལ་དུ་སོང་། ངས་ཁོང་གི་རྐང་རྗེས་དེད་ནས་སྒྲོལ་མ་གླིང་གི་འདབས་སུ་བསླེབས་པ་དང་གསལ་ལ་མི་གསལ་བའི་མི་སྐད་ཅིག་གྲག་ཡོང་གིན་འདུག ཉེ་སར་བསླེབས་པ་དང་ངས་བླ་རྒན་གྱི་སྐད་ཡིན་པ་ཚོར། ཁོང་གིས་སྐབས་རེར་ལ་གཞས་ལེན་གྱིན་འདུག་ལ་མཚམས་རེར་སྙན་ངག་གྱེར་བཞིན་འདུག། ང་རང་རྐབ་འཇབ་ལག་འཇབ་ཀྱིས་ཉེ་སར་བཅར་ཏེ་སྒེའུ་ཁུང་ནས་ཞིབ་ལྟ་བྱས།
ཁོས་སྟོད་ཐུང་དཀར་བོ་ཞིག་གི་སྒྲོག་གུ་མ་སྒྲོགས་པར་མཐུ་སྣོལ་བྱས་ནས་རྐང་ཐུང་གི་ནང་ལ་བཅུག་ཅིང་དེའི་སྟེང་དུ་རྐང་ཐུང་ཁ་ཐུག་བཅིངས་འདུག རྐང་ཐུང་ཁ་ཐུག་གི་ཆབ་མགོའི་སྟེང་དུ་o k ཞེས་བའི་དབྱིན་ཡིག་གཉིས་བྲིས་འདུག་པའང་མགོ་ཐུར་དུ་འཁོར་ནས k ཕྱིར་འཁོར་ཞིག་གི་རྗེས་ལ o བབས་འདུག་ལ། རྐང་ཐུང་གི་ལྟག་སྒོ་མཐོ་གང་ཕྱེས་འདུག་པའི་ནང་ནས་སྨད་གཡོག་སེར་པོ་ཞིག་གི་སྣེ་མོ་དང་སྟོད་ཐུང་གི་འདབས་ཁ་མཉམ་དུ་འཇུར་འདུག། ཁོའི་ངོ་གདོང་ལྷུལ་བོ་རྔུལ་ཆུས་གང་ཞིང་ཡ་ཁའི་ཐོག་ཏུ་བབས་པའི་རྔུལ་ཆུ་དག་ཆུ་རག་ལྟ་བུའི་ཁ་ཤ་མཐུག་པོ་དེའི་གཡས་གཡོན་གཉིས་ནས་མར་འབབ་བཞིན་འདུག། ཁོས་ད་དུང་ཅི་མི་སྙམ་པའི་ངང་ཨ་ནི་ཚང་མའི་ཁ་གཏད་དུ་ལང་ནས་ལག་གཡོན་པས་རང་གི་གཤི་མགོ་ནན་ཏེ།
མི་རབས་གསར་བའི་བསྒྲགས་གཏམ
དུས་རབས་གསར་བའི་འབོད་སྒྲ
ང་ཚོ་ངེས་བར་དུ་སད་དགོས
རྟ་ལྕག་དང་འཕྲེང་ལྕག་གི་དུས་རབས་ཡོལ་ཟིན་ཞེས་སྙན་ངག་གྱེར་གྱིན་འདུག།
ངས་རང་གི་རྐང་རྗེས་འཚོལ་བཞིན་རང་གི་བརླ་ཐོག་ལ་རང་གིས་སེན་བཏོག་བྱས། ང་གཉིད་མི་འདུག་ལ་ཤིའང་མི་འདུག དེ་བས་ངས་ད་དུང་ཉན་ནས་བསྡད། ངས་ད་དུང་ལྟས་ནས་བསྡད། ཡུན་རིང་འགོར་རྗེས་བརྙན་འཕྲིན་བརྒྱུད་ནས་བཀའ་སྤྱི་གཉིས་ཀའི་སྔོན་འགྲོའི་འོས་གཞི་བསྒྲགས་སོང་། ཚང་མས་ཁུ་སུམ་སུམ་གྱིས་ཉན་བཞིན་འདུག། ཡིན་ནའང་ངའི་བླ་རྒན་གྱི་རེ་བ་མ་འགྲུབ་པར་ཁོ་རང་གི་མིང་ཡིག་ཐོ་གཞུང་ན་མི་འདུག་པས་བླ་རྒན་གྱིས་ཞིབ་དུ་ཉན་བཞིན་རིམ་གྱིས་ངོ་མདངས་ཤོར་སོང་། ང་ལ་དགོད་རྒྱུ་ཡོང་ནས་མ་བཟོད་པས་ཡུན་གྱིས་ལང་ནས་དལ་གྱིས་བྲོས། ང་རང་ཉོག་ཟངས་ཁར་བསླེབ་དུས་ཁ་བ་ནག་པོས་ཉོག་ལ་བྱ་དགའ་སྟེར་རྒྱུ་ཡིན་པའི་ཁྱབས་བསྒྲགས་ཤིག་འབྲི་བཞིན་འདུག་ལ་ཤ་ཁྲག་གིས་རང་གིས་མ་འཇོན་ཚུལ་བཤད་ནས་སྡད་འདུག། ད་དུང་གསལ་ལེ་རྒྱལ་གྱིས་ས་སྟོང་ལ་ཀུ་བཏབ་ནས་ཁོ་ལའང་ཅིག་བཤད་རྒྱུ་ཡོད་མདོག་བསྟན་ནའང་མི་ཚང་མས་ཁ་ཡ་བྱེད་ཀྱིན་མི་འདུག། ངས་ཉོག་ཟངས་ལ་སྐོར་བ་རྒྱག་བཞིན་བླ་རྒན་གྱི་གསར་འགྱུར་བཙལ་ནའང་མི་ཚང་མས་རང་རང་ས་ནས་ཉོག་དཀྲུག་ནས་འདུག་པ་ལས་ང་ལ་དོ་སྣང་བྱེད་མཁན་མི་འདུག། ངས་ཕྱིར་མིག་གིས་བལྟས་པས་བོན་རྒྱའི་སྦྲ་རྒན་ནག་ལྡང་གི་ནང་ནས་དུ་བ་སྔོན་པོ་ཞིག་ཡུན་གྱིས་འཕྱིར་ནས་དལ་གྱིས་ཆད་སོང་།
བོད་ཀྱི་དུས་བབ་སྟེང་ལ་འདོན་སྤེལ།: ༢༠༡༠/༡༡/༡༧
སྤྱན་ཆབ་ཀྱིས། (Tuesday, 04 October 2011 21:51)
དངོས་སྒྲུང་གཉོམ་པོ་འདི་ང་ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མ་མཐོང་བ་འདྲ་ཞིག་འདུག་ལ་ཡག་གིའང་བསམ་ཐལ་་་