ང་རང་གཉིད་གཉིད་ནས་སད་དུས་ཁྱི་ཕྲུག་འགའ་ད་དུང་ཟུག་གིན་འདུག ཁྱི་སྐད་ལ་ཉན་ཏེ་ཁ་སང་གི་ཁྱི་ཕྲུག་དེ་དག་ཡིན་པ་ཚོར་ཞིང་ཁྱི་ཕྲུག་ཚོར་དམིགས་ས་དང་གཟས་ས་ཅི་ཡང་མེད་པ་ཤེས་ནའང་། ལོབ་ཕྱོགས་ལྟར་སྒེའུ་ཁུང་ནས་སྐེ་སྲིང་ནས་ལྟ་ཙམ་བྱས། ང་རང་མ་གཉིད་པའི་སྔར་ཉིན་ལྟར་ཁྱི་ཕྲུག་ཚོའི་ཁ་གནམ་ལ་འཁོར་ནས་ཟུག་གིན་འདུག ལྗོངས་རྒྱུ་བ་འགས་ཁོ་ཚོ་ཚང་མས་པེ་ཅིན་ནས་སྦར་བའི་དཔའ་འབར་གྱི་འོད་སྣང་མཐོང་སྟེ་དེའི་ཕྱོགས་སུ་ཟུག་གིན་ཡོད་པ་རེད་ཟེར་བཞིན་འདྲ་པར་འགའ་བླངས་ནས་ཕྱིན་སོང་།

རྡ་སའི་རི་ངོས་འདི་དེ་རིང་ཡང་ད་དུང་ཁ་སང་བཞིན་ཆར་སྨུག་གིས་བཏུམ་ནས་ཅི་ཡང་མི་མཐོང་པས་ང་རང་ཕྱི་རོལ་ལ་འགྲོ་བའི་འདུན་པ་འགག ངས་རང་གི་མགོ་བོ་མལ་ཆས་ཀྱིས་བཏུམ་ནས་ཡང་བསྐྱར་གཉིད་མི་ཁུག་པའི་ཉལ་ས་དེ་རུ་མིག་ཟུང་བཙུམ་ནས་ཁྱི་སྐད་ལ་ཉན་བཞིན་བསམ་བློ་བཏང་། པེ་ཅིན་ན་དམག་མི་མང་ཞིང་དམག་མི་ལ་མེ་མདའ་ཡོད། རྒྱང་རིང་གི་ཁྱི་སྐད་ཅིག་ལ་ག་ལ་སྐྲག ད་དུང་ཁོ་ཚོ་ཁྱི་ཤ་ལ་ཧ་ཅང་དགའ། ངོ་མ་ཁྱི་ནི་ཁྱི་རེད།

ན་ནིང་ནས་བཟུང་ངའི་ཁོར་ཡུག་འདིར་རྒྱ་རྒན་ཚོ་ཇེ་མང་ནས་ཇེ་མང་རེད། ལོ་ཙྭ་བས་སྐད་སྒྱུར་བྱས་བ་ལྟར་ན་ཁོ་ཚོ་ནང་ཁུལ་ནས་མ་འཆམ་པར་ཡོང་བའི་རྒྱ་རྒན་འགའ་རེད་ཟེར། ད་དུང་ཁོ་ཚོའི་རྣ་ལ་སངས་རྒྱས་ཀྱི་གསུང་དབྱངས་སྙན་མོ་འདུག་ཟེར་ལ་ཁྱི་ཕྲུག་ཚོའི་ཟུག་སྐད་ཀྱང་སྙན་པོ་འདུག་ཟེར། རྣ་གཅིག་གི་ནང་ལ་འདི་གཉིས་ཀ་སྙན་པ་ཡ་མཚན་རེད། རྒྱ་རྒྱ་ལ་མི་དགའ་བའི་དབང་དུ་བཏང་ཡང་རྒྱ་ཁྱི་ལ་དགའ་དགོས་དོན་གང་ན་འདུག་ཅེས་བར། ཡར་མར་ལ་ལྟ་བཞིན་ང་ཚོ་ཚང་མ་ལྟོ་འཚོལ་མཁན་རེད་ཟེར། ང་རང་དེ་མུར་མལ་ལས་ལངས། རྒྱ་བཙོག་ཚོ། ཁྱོད་ཚོས་ངའི་སྒོ་ཁྱིར་བལྟས་ནས་ཁ་ཆུ་མིད་དོན་ཅི་ཡིན། ཁྱོད་ཚོ་ལྟོ་འཚོལ་མཁན་ཡིན་ནའང་ང་རང་ལྟོ་སྟེར་མཁན་མིན། རྒྱང་རིང་གི་ཁྱི་སྐད་འདིར་ཉན་ཤེས་ན་འཚེ་བ་མེད་པའི་སྨོན་ཚིག་ཡིན་ལ་ཆོས་ཤེས་ན་ལས་དབང་ཞེས་བའི་མིང་ཚིག་ལྗིད་པོ་དེའི་འགྲེལ་བཤད་ཡིན་ཞེས་ཁུ་ཚུར་ཕུར།

ངས་སྙིད་ནད་མ་ཐེག་པར་ཡར་ལངས་ནས་སྙན་ངག་འབྲི་བཞིན་ཡོད། གྲོགས་པོས་རྒྱང་རིང་ནས་ཁ་པར་བསླེབས་ཏེ་ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་ཟེར། ངས་སྙན་ངག་འབྲི་བཞིན་ཡོད། ངས་ན་ཟུག་གི་གཟུགས་བརྙན་བཞེངས་བཞིན་ཡོད་ཅེས་པས། ཁོས་ང་ལ་ཁྱོད་ཀྱིས་ཁྱི་སྐད་མ་བཤད། ཁྱོད་ལ་ཀློག་པ་པོ་ཡོད་དམ་ཟེར། ཁྱོད་ཀྱིས་ཁྱི་སྐད་མ་བཤད་ཅེས་བའི་ཚིག་འདི་ཐོས་མ་ཐག་ངའི་ཁོང་ཁྲོ་དེ་བས་ཀྱང་ཇེ་ཆེར་གྱུར། ངས་ཁྱི་སྐད་བཤད་ན་ང་ལ་ཉན་མཁན་ཁྱི་ཕྲུག་མང་བོ་ཡོད་ཟེར་བཞིན་ང་རང་མལ་ལས་ལངས། ངའི་ཞི་མོ་ངའི་སྐེ་ལ་འཐམ་ནས། ཨ་ཕ། ཁྲོ་མ་ལང་ཡ། ང་ཞེད་ཀྱིན་འདུག་ཟེར་ལ་ངའི་རྒན་མོས་ཀྱང་། ཨོ་ཙི། ཞེད་སྣང་ལ་ཟེར།

ཨ། རྒྱ་བཙོག་ཚོ། ང་འུ་ཐུག་ན་ཁྱི་ཡི་རྒྱབ་རྩ་ཡིན་ཟེར་བཞིན་ང་རང་ཕྱིར་རང་གི་མལ་སའི་ནང་ལ་ལྡིག་སེ་ལྷུང་།

འདོན་སྤེལ།: ༢༠༡༠/༡༡/༡༢

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།