ལྷ་མོ་མཚོའི་མིག་ཆུ།

ང་ཡི་སྙིང་ནས་ཤིན་ཏུ་བརྩེ་བའི་ཁྱོད་ཀ་དོན་ཀུན་འགྲུབ་པ་ཡིས།།

ཕ་དང་མ་དང་བརྩེ་བའི་བུ་ཕྲུག་ཁོ་ནའི་དོན་དུ་མ་བསམ་པར།།

མི་རིགས་ཤིག་གི་ཁ་བཤད་སྟོང་བ་ལག་ལེན་གསེར་གྱི་འཕྲེང་བར་བརྒྱུས།།

སང་ཉིན་རྗེས་ན་གནངས་ཉིན་མེད་པས་དེ་རིང་འགྲོ་ཞེས་ལམ་ལ་ཆས།།

 

འཇིགས་བྲལ་སྤོབས་པའི་རི་མོ་བཀོད་དེ་ས་ཡ་དྲུག་གི་སེམས་ཁམས་བཞེངས།།

ཨ་མའི་བུ་ཡི་མི་ཚེ་ལོ་ཟླ་མུན་ནག་བཙོན་གྱི་གཏིང་ལ་ལྷུང་།།

གཅར་རྡུང་དྲག་པོའི་ན་ཟུག་སྟེང་ལ་མཆིན་པའི་ན་ཚས་མནར་བར་ཐོས།།

བདག་གི་བརྩེ་བའི་རྒྱལ་བོ་ཁྱོད་ནི་དམར་ཆུང་སྙིང་ནས་ཤིན་ཏུ་དྲན།།

 

མེ་ལོར་མོ་ཏྲའི་འབབ་ཚུགས་དེ་རུ་ཨ་མདོའི་བག་ལེབ་འཚོང་བའི་དུས།།

བརྩེ་ལྡན་ཕོ་མོ་ཕན་ཚུན་འཁྱུད་བཞིན་སྐྱེལ་བསུའི་རྣམ་པ་མཐོང་ན།།

ཁྱོད་ཉིད་དྲན་པའི་ན་ཟུག་དྲག་པོ་བཟོད་པའི་བསྐལ་བ་མི་འདུག་མོད།།

མིག་ཆུ་ཟད་པའི་མི་ཚེ་འདི་གོ་ད་དུང་ཁྱོད་ཀྱི་དོན་དུ་ལངས།།

 

ཕ་མ་གཉིས་ཀ་བདེ་མོ་ཡིན་ལ་ཕྲུ་གུ་ཚང་མ་འཚམས་པོ་ཡིན།།

ཟ་འཐུང་འཚོ་བའི་དཀའ་ངལ་མེད་ལ་མི་འདོད་ནད་ཀྱི་གནོད་པའང་མེད།།

སླར་མཇལ་རེ་བ་ལྷོད་ཀྱིན་མེད་ལ་བརྩེ་བའི་རི་མོ་རྙིང་གིན་མེད།།

ཉིན་མཚན་གཉིས་ཀར་གཉིད་ཀྱིན་མེད་ལ་ཁྱོད་རང་ནམ་ཡང་བརྗེད་ཀྱིན་མེད།།

 

ནག་ཉེས་མེད་པའི་སྤོབས་པ་སྐྱེད་དང་དྲང་བདེན་འཚོལ་བའི་མི་རྣམས་དང་།།

བོད་ལ་དགའ་བའི་སེམས་ཅན་ཐམས་ཅད་ཁྱོད་ཀྱི་རྒྱབ་ན་མདའ་ལྟར་དྲང་།།

ནམ་ཞིག་ཐར་བའི་གོ་སྐབས་ཡོད་པས་རེ་ཞིག་བཟོད་པའི་གྲོགས་སུ་བྱོན།།

ང་ཡིས་འཇོན་པའི་ནུས་བ་ཡོད་ཚད་ཁྱོད་རང་ཁོ་ནའི་ཆེད་དུ་ཡིན།།

 

ཚོགས་པ་སྒྲིག་འཛུགས་ཀུན་གྱི་མདུན་ན་སྐད་ཤུགས་ཆེན་པོས་ངུ་བཞིན་ཡོད།།

གཟུགས་མེད་ཁམས་ཀྱི་ལྷ་ཚོགས་ཀུན་ལ་གསོལ་བ་སྙིང་ནས་འདེབས་ཀྱིན་ཡོད།།

ལས་འབྲས་མཐུ་སྟོབས་རྡོ་རྗེ་ཤུགས་ལྡན་གློག་ལྟར་མྱུར་བའི་སྨོན་ལམ་ཡོད།།

ཁ་བཏགས་དཀར་བོའི་བསུ་མ་དང་བཅས་ལྷན་འཛོམས་ཡོང་བའི་རེ་བ་ཡོད།།

འདོན་སྤེལ།: ༢༠༡༠/༡༡/༠༨

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།