འདི་ནས་མི་ལོ་མང་བོའི་སྔོན་ལ་བྱིས་བློ་སྙི་མོའི་ཞིང་ཁུག་ན།།

རྒྱ་ཆེན་ཤེས་བྱའི་གར་ལ་རོལ་བའི་ཀུན་མཁྱེན་རིགས་པའི་སེང་གེ་ཞིག།

བས་མཐའི་ཡུལ་ནས་རྨོངས་བའི་ལྕགས་སྒྲོག་རྩལ་གྱིས་གཏོར་བའི་ངར་དང་བཅས།།

འཆད་རྩོད་རྩོམ་པའི་མཁའ་ལ་འཕྱོ་བའི་བདག་གི་སློབ་ཆུང་དགེ་རྒན་ཀྱེ།།

 

བླ་མ་ཕ་མ་དགེ་རྒན་གསུམ་ནི་འཇིག་རྟེན་འདི་ཡི་དྲིན་ཆེན་གསུམ།།

སྲིད་ན་དཀོན་པའི་རིན་ཆེན་རྣམ་གསུམ་ནམ་ཡང་བརྗེད་དུ་མི་རུང་ཞེས།།

ཡང་ཡང་གསུངས་བཞིན་དུད་འགྲོ་ཟོག་ལ་ཁ་ལོ་སྣ་ལོ་བྱེད་པ་བཞིན།།

ཞི་དྲག་ཟུང་གི་ཐབས་ཤེས་སྤྱད་པ་ད་དུང་བརྗེད་པའི་སྐབས་མ་མཆིས།།

 

སློབ་ཁང་ནང་ནས་ཐ་མག་འཐེན་བཞིན་ཡར་འགྲོ་མར་འགྲོ་བྱས་བ་ན།།

བདུད་རྩི་ཆང་གི་དྲི་མ་ཞིམ་པོ་གང་ས་གང་དུ་ཁྱབ་པ་དང་།།

ཆུང་མར་ཁྲོས་བའི་ཞེ་སྡང་ཁུར་ནས་སློབ་ཁང་ནང་དུ་བསླེབས་པ་ན།།

ཨ་བ་ཨ་མ་གནའ་ཤི་ད་བརྒྱད་རྒྱུན་དུ་གྱེར་བ་ད་དུང་དྲན།།

 

སློབ་མའི་དུས་སུ་ཟ་མ་བརྐུས་ཤིང་ཐ་མག་འཐེན་པའི་གསང་གཏམ་དག།

སེམས་ཐག་ཉེ་བོས་རྟག་ཏུ་གསུངས་ཤིང་གཅིག་སེམས་གཅིག་ལ་བསྟན་པ་དང་།།

སློབ་ཁང་ནང་གི་སུན་སྣང་སེལ་ཕྱིར་སྐབས་རེར་ཤོག་འཕེན་བརྩེས་བ་སོགས།།

དགེ་རྒན་གཞན་ལ་ཤིན་ཏུ་དཀོན་པའི་མཛད་པ་དེ་དག་རྟག་ཏུ་དྲན།།

 

རྒྱུགས་འབྲས་ཞན་ཚེ་ཁྱོད་ཚོར་གནོད་ཀྱིས་ང་ལ་ཅི་ཡང་མི་སྐྱོན་ཏེ།།

ཆང་ཕང་འགའ་ཡི་བར་ཆད་ཡིན་པས་དེ་ལ་བཟོད་པར་ནུས་སོ་ཞེས།།

སྲིད་ན་དཀོན་པའི་བསླབ་བྱ་འདི་འདྲ་སློབ་མའི་ཚོགས་ལ་གནངས་བ་ན།།

ཁྱོད་དང་ཁྱོད་འདྲ་ཤིན་ཏུ་ཉུང་བ་ཟུར་གྱིས་བལྟས་ཀྱང་མཐོང་བར་ངེས།།

 

དྭངས་ཤིང་གསལ་བའི་རིག་པ་རྣོན་པོ་གསར་དུ་འཚར་བའི་དུས་སྐབས་དེར།།

ར་མོ་ཆེ་ནི་ས་ཆའི་མིང་དང་ན་བཟའ་ཞེས་བ་བླ་མའི་ཟས།།

བླང་དོར་གླང་དོར་དོན་གཅིག་ཡིན་ཞེས་སྤོབས་པ་ཆེན་པོས་གསུངས་བ་སོགས།།

ད་དུང་ཡིད་ན་གསལ་ལེར་མཆིས་སོ་དགེ་རྒན་ཁྱོད་ལ་བཀའ་དྲིན་ཆེ།།

 

ད་ནི་ང་ཡང་ཐ་མག་འཐེན་ཚེ་ཁྱེད་དང་འགྲན་པའི་སྤོབས་པ་ཡོད།།

བདུད་རྩི་ཆང་གི་འཐུང་ཚད་མཐོ་བ་ཚེ་འགྲོགས་ཆུང་མས་ངོས་ལེན་ཡོད།།

དགེ་རྒན་ཁྱོད་ཀྱི་ངལ་བའི་འབྲས་བུ་ཚང་མ་ང་ཡི་ལུས་ན་ཡོད།།

རིག་གཞུང་འདི་ཡི་ཡལ་ཀ་ཙམ་ཡང་བརླག་དུ་མེད་པའི་ཡིད་ཆེས་ཡོད།།

 

ཉིད་ཀྱི་མཛད་པ་ཚང་མ་འབྲི་ལ་གསར་སྐྱེས་གློག་གི་ཀླད་པ་ཡང་།།

ངལ་བས་མ་བཟོད་འདར་བར་བྱེད་པས་དེ་རིང་རྒྱ་མཚོའི་ཆུ་ཐིགས་ཙམ།།

སོར་མོ་བཅུ་ཡིས་དལ་གྱིས་གཏགས་ནས་དྲ་བའི་ཟུར་ལ་བཞག་པ་འདི།

ཡོན་ཏན་རྒྱས་བའི་ངོམས་སོ་མིན་ཏེ་བཀའ་དྲིན་དྲན་པའི་རྟགས་སུ་ཡིན།།

འདོན་སྤེལ།: ༢༠༡༠/༡༠/༡༡

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།