གཏན་དུ་གྱེས་སོང་བའི་གྲོགས་པོ་ཞིག་ལ།
འདི་ནས་གྱེས་ཏེ་རྒྱང་དུ་ཕྱིན་པའི་ང་ཡི་སྙིང་གི་གྲོགས་པོ་ཁྱོད།།
ད་དུང་མདུན་ན་ཡོད་ཡོད་འདྲ་བའི་སྣང་བ་སྐྱུར་ཐབས་མི་འདུག་ཅིང་།།
འདྲིས་ཤིང་འགྲོགས་པའི་རྒྱུད་རིམ་བསམ་ན་ད་དུང་བློ་ཡིས་མི་ཐོང་པས།།
མར་མེ་ཞིག་གི་འོད་ངོགས་འདི་ན་མིག་ཆུ་མིད་བཞིན་ངུ་གིན་ཡོད།།
མཆོད་མེ་ཞིག་གི་དཀར་ངོགས་འདི་ན་སེམས་པའི་ཁ་དོག་འབྲི་བཞིན་ཡོད།།
ཁ་བ་འཚོ་དང་ཁི་ལེ་གཉིས་ཀས་མིག་ཆུའི་མཆོད་པ་འབུལ་བཞིན་ཡོད།།
རྒྱ་སྤྲང་རྩམ་ཁུག་མགོ་སྟེང་སློག་ཅིང་འགོང་བོའི་བསེར་བུ་ལྡིང་བ་དེས།།
ཕོ་གསར་དར་མའི་རང་ཚུགས་ལྷོད་ནས་མིག་ཆུས་ངོ་གདོང་འཁྲུ་བཞིན་ཡོད།།
གཤིན་རྗེའི་ཕོ་ཉས་བཙན་གྱིས་བཀུགས་ཏེ་ཤུགས་ཀྱིས་འཐེན་པ་མཐོང་བ་ན།།
ཉིན་མོའི་ཟས་དང་མཚན་མོའི་གཉིད་ལ་རོལ་བའི་ཡི་ག་མི་འདུག་ཀྱང་།།
ཉི་མ་བདུན་ལ་མིག་གིས་འཚོས་སྟེ་དཀར་ནག་དབྱེ་བ་མ་ཤེས་པས།།
རེ་བ་ཞིག་གི་རྔ་མར་འཇུས་ནས་རེ་ཞིག་མ་བཟུར་ཐབས་མེད་བྱུང་།།
མ་ནི་འདོན་པའི་གོམས་གཤིས་མེད་ཀྱང་གྲོགས་ཀྱི་ཕྱི་ཐག་དམ་པོ་འདི།།
མ་བསམ་དྲན་པའི་དཀྱིལ་དུ་ལྷུང་སྟེ་ངུ་ངག་འདྲེས་མའི་དབྱངས་རྟ་ཞིག།
དེ་རིང་ང་ཡི་ངག་ལ་འབྱོར་ཡོད་འདི་ཡང་ཁྱོད་ཀྱི་ལམ་རྒྱགས་བྱོས།།
སླར་ཡང་མཇལ་བའི་སྐལ་བ་རྫོགས་སོ་བདེ་བ་ཅན་ནས་སྐྱེས་བར་ཤོག།
རྒྱ་བཅད་དཔུང་ཡའི་སྤོབས་པ་མི་ཞུམ་རེ་བའི་སྤར་ཁ་ལྷོད་ཀྱིན་མེད།།
གཏན་དུ་གྱེས་བའི་གྲོགས་པོ་ཁྱོད་ལ་དམ་ཚིག་མི་འགྱུར་ཡིད་ཆེས་ཡོད།།
དཀར་ནག་ལས་འབྲས་གོ་རིམ་ལྡོག་ཏེ་གངས་རིའི་ཁ་དོག་ཤོར་བ་འདི།།
གཤིན་རྗེ་ཆོས་ཀྱི་རྒྱལ་བོ་དེ་ཡི་རྣ་རྩར་གཏད་དེ་བཤད་ཡག་བྱོས།།
འདོན་སྤེལ།: ༢༠༡༠/༠༩/༢༨
