བགྲོ་གླེང་འདི་དག་ཨ་ཁུ་བོན་རྒྱལ་དང་ཨ་ཁུ་བློ་བཟང་རྒྱ་མཚོ་སོགས་དུས་བབ་ཀྱི་ཟིན་བ་འགའ་ལ་བྲིས། ཁོའི་མཆན་དག་ཀྱང་དུས་ཆོད་ཀྱི་ཁོམ་པ་བྱུང་ན་འདིར་འབྲི་ཡི་ཡིན།
མཚམས་མཚམས་ལ་སྐྱ་སེར་གཉིས་ཀས་རང་རང་གི་ཉམས་མྱོང་བཤད་སྐབས་མི་རིགས་གཅིག་གི་སྣང་ཚུལ་མེད་པ་མ་ཟད་མཐའ་ན་འཇིག་རྟེན་གཅིག་གི་སྟེང་ན་གནས་བའི་སྣང་ཚུལ་ཙམ་ཡང་མི་འདུག མཚམས་རེར་མི་སྐད་བཤད་ཀྱང་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འདུག་པས་ངོ་མ་སིན་གི སེམས་པ་རྣམ་དག་ཡིན། ཡིག་ནོར་མ་འབྲི་ཁ་སྐད་མ་བཤད་ཟེར་བཞིན་ཟ་ཟུར་ནས་ཡིག་ནོར་འབྲི་བཞིན་རྐུབ་སྐད་བཤད་ཀི བོན་རྒྱའི་བསྟན་རབ་ནས་བསྟན་བཅོས་འབྲི་སྐབས་ཁ་སྐད་མི་རུང་བའི་དཔེ་མཚོན་ཞིག་བཀོད་པར་དྲ་གྲོགས་བློ་བཟང་རྒྱ་མཚོས་གནས་ལུགས་ཡོད་རབས་བཤད་པས། ཁྱི་ཕྲུག་ཚོས་ཁྱི་རྒན་ཟུག་སར་མིག་བཙུམ་ནས་རྒྱུགས་སོང་། དེ་ཙམ་གྱིས་ཁ་སྐད་གཏན་འགོག་བྱེད་དགོས་བའི་གནས་ལུགས་ལ་གད་མོ་ཤོར། ཁ་སྐད་ནི་སྒྱུ་རྩལ་རྩོམ་རིག་གི་གྲུབ་ཆ་གཙོ་བོ་དེ་ཡིན་ལ། སྒྱུ་རྩལ་རྩོམ་རིག་གི་ཁུ་བ་དཀར་དམར་ལས་བྱུང་བའི་དོན་གྱི་འབྲས་བུ་ནི་འཚོ་བའི་སྣང་བརྙན་ངོ་མ་དེ་ཡིན། སུ་ཞིག་གིས་བརྙན་དེར་འགྱུར་བ་བཏང་རྗེས་སྒྱུ་རྩལ་གྱི་རྣམ་པ་ངོ་མ་དེ་རང་སར་བསྡད་མེད། དེ་ལས་ཀྱང་གསལ་བོར་བཤད་ན་ཁ་ནས་ཐོན་པའི་སྐད་ཆ་དེ་རྣས་ཐད་ཀར་གོ་དུས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེ་སྐད་ཆའི་སྒྱུ་རྩལ་ངོ་མ་དེ་ཡིན་པས། ཡིག་ཐོག་ལ་འགོད་སྐབས་སྐད་དེ་དང་བར་ཐག་ཅི་ཙམ་ཉེ་བ་དེ་ཙམ་གྱིས་སྐད་ཆའི་སྒྱུ་རྩལ་ངོ་མ་དེ་སྟོན་ཐུབ་ཀི་རེད། ཁ་སྐད་ནི་རྒྱུན་སྤྱོད་མིང་ཚིག་དག་ལ་ཟེར་ཞིང་བཀབ་བསྟན་མང་པོར་འགྲེལ་བཤད་དང་གསལ་བཤད་བྲིས་བ་དེ་ཡང་མདོར་བསྡུས་ན་རྒྱུན་སྤྱོད་མིང་ཚིག་ལ་བསྒྱུར་བ་རེད། ཡི་གེའི་དོན་ཤེས་བ་ལ་དང་པོ་ཀློག་ཤེས་དགོས་བ་བཞིན་སྒྱུ་རྩལ་རྩོམ་རིག་གི་སྐད་ཆ་བཤད་པ་ལ་མ་མཐའ་ཡང་སྒྱུ་རྩལ་རྩོམ་རིག་གི་ཤེས་བྱའི་རྨང་གཞི་ཅུང་ཙམ་ཡོད་དགོས་ལ། ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཀྱང་ཡོད་དགོས། དེ་ལས་ཀྱང་མེད་དུ་མི་རུང་བ་ནི་འཚོ་བའི་ཉམས་མྱོང་ངོ་མ་དེ་རེད། དཔེར་ན། རོགས་ཆུང་ལོ་སྙིང་ལ་བརྗེ་བོ། ཞེས་བའི་ཚིག་འདིའི་དྲོ་བ་ངོ་མ་དེ་བླ་རྒན་ཁྱེད་ཀྱིས་ཚེ་ཐོག་འདིར་མྱངས་མེད་པས་དོན་ངོ་མ་དེ་ཁྱོད་ཀྱི་ཚོར་བའི་སྟེང་ལ་ཟུག་ཐུབ་ཀི་མ་རེད། ཆབ་སྲིད་པས་སྙན་ངག་འབྲི་མི་ཤེས་ཤེས་ཟེར་བའང་གནད་འགག་དེར་ཐུག་ཡོད་ལ་བླ་རྒན་ཚོས་དུང་རྗོད་སྙན་ངག་གི་བརྗོད་བྱར་ཨ་མ་ཙམ་ལས་འབྲི་མི་ཤེས་བའང་གནད་འགག་དེར་ཐུག་ཡོད། དེ་བས་སྒྱུ་རྩལ་རྩོམ་རིག་ནི་འཚོ་བའི་སྣང་བརྙན་ཡིན་ལ་འཚོ་བའི་སྣང་བརྙན་དེ་འབྲི་ན་འཚོ་བ་ངོ་མ་དེ་ཤེས་དགོས་ལ་འཚོ་བའི་ཁྲོད་ཀྱི་སྐད་ཆ་ངོ་མ་དེའང་ཡིན་དགོས། མདོར་བསྡུས་ནས་བཤད་ན་སྐད་ཆ་ནི་སྒྲ་དང་ཡི་གེ་ནི་དེའི་གཟུགས་ཡིན་པས་གཟུགས་བརྙན་དེ་མེ་ལུང་ནང་དུ་ཤར་བ་བཞིན་ཡིན་དགོས། ༧ ཡིད་བཞིན་ནོར་བུའི་གསུང་དང་གསུང་རྩོམ་ལ་ཁྱད་པར་མེད་པ་དེའི་དཔེ་མཚོན་རེད། དེ་རིང་འདི་ཙམ་གྱིས་བདེ་མོ་བྱོས། ང་ལ་སྐྱིད་ཉལ་བྱས་ནས་འདུག་ཁོམས་མེད། ངའི་མི་རིགས་ཀྱི་མ་འོངས་བའི་བདག་པོ་འགའ་ལས་ཀི་ཡོད།
