ལྷག་བསམ་དཀར་བོ་དུང་འདྲ་འདྲ།།
ཨུ་ཚུགས་ཚ་བོ་གཡག་འདྲ་འདྲ།།

ཀླད་པ་མཁྲེགས་པོ་རྡོ་འདྲ་འདྲ།།

མཐོང་རྒྱ་ཆུང་ཆུང་ཤིག་འདྲ་འདྲ།།


རང་གི་བློ་ཡིས་མི་ཤེས་པ།།
མི་ཡིས་བཤད་ན་མི་ཉན་པ།།

མེས་བོའི་ཟེར་རྗེས་མི་ལྷོད་པ།།

རང་གི་ཀླད་པ་མི་འགུལ་པ།།

མཁས་བར་ཐུག་ན་ཡིག་སྐད་ཅན།།
ཕ་མར་ཐུག་ན་ཁ་སྐད་ཅན།།
སྐད་གཉིས་སྨྲ་བའི་ཡོན་ཏན་ཅན།།
མེས་བོ་གོང་མའི་ཤུལ་བཞག་ཅན།།

རང་གི་ཁ་ལ་གང་ཐོན་པ།།
ཡིག་གེར་འགོད་པའི་ལུགས་མེད་པ།།
མེས་བོ་བཀུར་བའི་གླེན་རྟགས་ཏེ།།
རང་ཉིད་རང་གིས་བོར་རྟགས་ཡིན།།

མྱི་ཀོ་རློན་པ་ཚ་རྒྱུ་མི་འདུག།
གནས་ལུགས་བཤད་ན་གོ་རྒྱུ་མི་འདུག།
ཨུ་ཚུགས་བརྒྱབ་ན་ཐུབ་རྒྱུ་མི་འདུག།
གླེན་པའི་ཀླད་པ་འགྱུར་རྒྱུ་མི་འདུག།

ཡིག་ངོར་བལྟས་ན་རང་མིང་མི་ཤེས་ཀྱང་།།
དབུ་མ་མཛོད་སོགས་བློ་ནས་ཤེས་བ་ཡི།
ཨ་ཁུ་དགེ་བཤེས་སྟོད་འགག་སེར་པོ་ཅན།།
ཁ་སྐད་རིན་པོ་ཆེ་ཡི་བཀའ་དྲིན་རེད།།

ཚགས་པར་ཞིག་གི་ཚིག་འགྲེལ་མི་ཤེས་ཀྱང་།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཤེས་བ་ཡི།།
གདན་སའི་མཁས་མིང་འཛིན་པ་དེ་དག་ཀྱང་།།
ཁ་སྐད་རིན་པོ་ཆེ་ཡི་སྐུ་དྲིན་རེད།།

རང་གི་མིང་ཡིག་བྲིས་ན་ཡིག་ནོར་ཅན།།
ཕར་ཕྱིན་དྲུག་གི་ཚིག་འགྲེལ་མི་ཤེས་པ།།
བཀའ་འགྱུར་བསྟན་གཉིས་ཀར་མིི་འཐོག་པ།།
ཁ་སྐད་རིན་པོ་ཆེ་ཡི་བཀའ་དྲིན་ཡིན།།

གདན་ས་གསུམ་ན་གྲྭ་བ་ལྔ་སྟོང་ཙམ།།

ཡི་གེར་བལྟས་ནས་སློབ་མཁན་ཆིག་སྟོང་ཙམ།།

སྐད་ལ་ཉན་ཏེ་སློབ་མཁན་བཞི་སྟོང་ཙམ།།

ཁ་སྐད་རིན་ཆེན་པོ་ཆེ་ཡི་བཀའ་དྲིན་རེད།།

 

རང་གི་བློ་ན་ཡོད་པའི་ཤེས་བྱ་དེ།།

ཁ་ནས་བཤད་ན་ཐོགས་པ་མེད་ནའང་།།

ཡི་གེའི་ཐོག་ནས་བཀླགས་ཀྱང་མི་ཤེས་བ།།

ཁ་སྐད་རིན་ཆེ་ཡི་བཀའ་དྲིན་ཡིན།།

 

(ཁ་སྐད་རིན་པོ་ཆེའི་མཆན་ཕྱོགས་བསྒྲིགས)

 

 

ཁྱི་བཤད་འདི་ལ་བསྐྱར་བཤད་བྱས་པས།།
མྱི་ཟོག་གཉིས་ཀའི་རྣ་བ་སུན་ཐལ།།
ཨུ་ཚུགས་མིན་ཞེས་ཨུ་ཚུགས་བྱས་པས།།
ཁ་ནས་བལྟས་ཏེ་ཁོག་པ་རིག་ཐལ།།

བླ་རྒན་ཁྱོད་ལ་རེ་བ་བྱས་ནས།།
ཚིག་འགྲེལ་དོན་འགྲེལ་བསྐྱར་འགྲེལ་བྱས་ཀྱང་།།
ཁ་ཡི་ནང་ལ་ཁུ་ཚུར་བཞིན་དུ།།
ཀླད་པ་རུལ་བ་འགུལ་རྒྱུ་མི་འདུག།

རིག་པའི་བུ་ཆུང་ཟ་ལེ་རྒྱལ་ལ།།
གནའ་མྱི་གླེན་པའི་སྐད་ཆ་མི་དགོས།།
ད་མྱི་མཁས་བ་ང་འདྲ་མེད་ན།།
ད་དུང་རྩོད་པའི་ངལ་བ་མ་འཚོལ།།

ཁྱོད་ཀྱིས་བྲིས་བའི་ཡི་འདི་དག།

ང་ལ་བྲིས་བའི་ཚུལ་དུ་སྣང་ཡང་།།
དོན་གྱིས་རང་གིས་རང་ལ་བྲིས་འདུག།
ཕྱིར་ལ་སློག་ན་རང་ལ་བརྒྱབས་འདུག།

ཡོན་ཏན་ཆུང་ཆུང་རིལ་མ་ཙམ་ལ།།
ང་རྒྱལ་ཆེ་ཆེ་བོང་མཇེ་འདྲ་ཞིག།
ཡ་ང་ངོ་ཚ་ཅི་ཡང་མེད་པར།།
ས་གཡུག་རྡོ་གཡུག་བྱེད་པ་ཡ་མཚར།།

 

 

ཨ་ཁུའི་ཁོག་ན་ཡོན་ཏན་མེད་ན།།
ཁ་འདོན་དགེ་སྦྱོར་ཙམ་ལ་བརྩོན་རོགས།།
གླེན་པའི་ཁྱི་བཤད་བསྐྱར་བཤད་བྱས་ནས།།
ཕ་མ་གཉིས་ལ་ངོ་ཚ་མ་གཏོད།།

 

དེ་རིང་ཟ་ལེ་ཡུལ་ན་བསྡད་ཡོད།།
ཁ་དང་ལག་པ་གཉིས་ཀ་ཁོམ་ཡོད།།
ཁ་ལྕེ་དམར་བོ་སོ་ལ་བརྡར་ཡོད།།
སྲ་མཁྲེ
གས་རྡོ་རྗེ་ཚིག་ལ་འཇུས་ཡོད།།

ཨ་ཁུས་ཡིག་སྐད་བཀུར་བ་བདེན་ཡང་།།
ཚིགས་བཅད་གཅིག་གི་མགོ་རྔ་གཉིས་ཀ།
རྟ་མགོ་གཡག་ལ་སྦྱར་བ་བཞིན་དུ།།
ཚུགས་ཀ་མེད་ནོ་དགོད་རྒྱུ་ཡོང་གི།

ཁ་ནས་ཡིག་སྐད་མཁོ་རབས་བཤད་ཀྱང་།།
ལག་པས་བྲིས་ན་ཏག་ཏག་མེདཁུ།།
ཁ་སྐད་འབྲི་བའི་མ་རྩ་མེད་ན།།
ཡིག་སྐད་ཡ་གིའི་ཤན་བྷ་ལ་རེད།།

རི་བོང་རིལ་མ་ཞིག་གི་ཐོག་ལ།།
རྣོ་ལྕགས་སྟ་རེ་འཕྱར་ནི་མིན་ར།།
ཨ་ཁུའི་ཡོན་ཏན་ཤིག་གི་མགོ་ལ།།
ང་རྒྱལ་གཡག་གི་རྭ་ཞིག་སྐྱེས་འདུག།

 

ཚིགས་བཅད་འབྲི་བའི་ཡོན་ཏན་མེད་ཀྱང་།།
ཟ་ལེ་རྒྱལ་གྱི་ལད་མོ་བྱས་ནས།།
རྡོ་ཆག་བཙན་སྒྲིག་བྱས་བ་འདིས་ཀྱང་།།
ཨ་ཁུར་ཨུ་ཚུགས་ཆེ་བ་ཤེས་སོང་།།

 

འོག་གི་ཚིགས་བཅད་འདི་ལ་བལྟས་ན།།
ཡོན་ཏན་པ་ཡི་ཚུགས་ཀ་མི་འདུག།
ད་དུང་ཨུ་ཚུགས་རྒྱག་ན་འདོད་ན།།
དོར་ཤུལ་རྒྱ་མཚོའི་དོ
་ཡ་ཁྱོད་རེད།།

(ཁོག་ན་ཡོད་ནི་ཡོན་ཏན་ཡིན་ལ། །
ཁ་ན་ཡོད་ནོ་སྙན་ངག་ཡིན་པས། །
ཨ་ཁུ་སྐྱེ་བ་ཚེ་ཐོག་འདི་ལ། །
ཁྱོད་ལ་ལད་མོ་བྱེད་དོན་མེད་དོ། །)

 

  • loading
  • #1

    མགུར་རྒྱང་འཐེན། (Saturday, 16 January 2010 08:23)

    ཟ་ལེ་རྒྱལ་གྱི་དམར་འཛིང་ཁྲོད་ཁ་ཤས་དམར་རྗེན་ལ་ཕུད་འདུག

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།