ཟ་ལེ་རྒྱལ་གྱི་མྱི་སྐད།
ཁ་སྐད་ཅེས་བའི་གླེང་གཞི་འདིའི་ཡོང་ཁུངས་གཙོ་བོ་ནི་ཁ་སྐད་གཏན་འགོག་བྱེད་དགོས་ཞེས་བ་དེ་ནས་ཡོང་བ་ཡིན། དེ་དུས་ངས་ཁ་སྐད་གཏན་འགོག་བྱེད་རུང་མིན་གྱི་ཕྱོགས་ནས་རང་གི་བསམ་ཚུལ་ཚིག་འགའ་བཤད་པར་མི་འགས་འདི་ཡང་མིག་མ་ཕྱེས་བའི་དྲ་འབུ་ཞིག་རེད། འདིའི་དམིགས་ཡུལ་མི་བཟང་གི་ཞེས་སེམས་ལ་མ་དྲན་པའི་སྐད་ཆ་མང་པོ་བཤད་པས། ངས་དེ་ལ་སྐྱག་སྐྱག་བྱས་ནས་ཚིག་འགའ་བྲིས་བ་ཡིན། དོན་ངོ་མར་ང་རང་ཁ་སྐད་གཏན་འགོག་ཅེས་བ་དེར་འཐད་པ་མེད་ལ་བརྡ་སྤྲོད་ཀྱི་འགྲོས་དང་མི་འཐུན་པའི་ཁ་སྐད་གང་བྱུང་དུ་འབྲི་རྒྱུར་ཡང་འཐད་པ་མེད་ལ་བྲིས་ཀྱང་མ་མྱོང་། ངས་ཨ་ཁུ་བོན་རྒྱལ་ལ་ངེད་གཉིས་དོན་གྱིས་འབབ་ས་གཅིག་རེད་ཟེར་དོན་ཡང་དེ་ཡིན། མཚམས་རེར་ཁོང་གིས་ཁ་རྒྱགས་འཐེན་པ་དང་སྐྱག་པ་ལྟ་བུའི་མིང་ཚིག་སོགས་བེད་སྤྱོད་གཏོང་སྐབས་ངས་ཀྱང་དེ་ལ་ཨ་ལགས་ལགས། ཡ་ལགས་ཟེར་མ་ཐུབ་པས་ལྡོག་ཕྱོགས་ནས་ཚིག་འགའ་རེ་ཤོར་སོང་།
དེ་རིང་ངས་མྱི་སྐད་ངོ་མ་དེ་བཤད་ཀི་ཡོད། ཨ་ཁུ་བོན་རྒྱལ་དང་ཨ་ཁུ་བློ་རྒྱམ་གཉིས་གཙོས་དྲ་གྲོགས་འགའ་རེར་ཚིག་གི་ཟ་ཟུར་ནས་མི་རན་པའི་སྐད་ཆ་ཁ་ཤས་བཤད་མྱོངས་མོད་དེ་དག་ནི་ངའི་སེམས་ཀྱི་སྐད་ཆ་ངོ་མ་དེ་མིན། ཁྱོད་ཚོས་ང་ལ་བཤད་པའི་ཚིག་མཚོན་དེ་དག་ངའི་སེམས་ལའང་གནོད་གི་མེད་ལ། དྲ་གྲོགས་ཨ་རིག་དགེ་མཐོང་ཀྱང་འདི་ལྟར་ཡིན་པའི་ཡིད་ཆེས་ཡོད།
ངའི་རེ་བ་ངོ་མ་དེ་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་ཁ་སྐད་རྣམས་ཟིན་བྲིས་ནང་ལ་འཇུག་རྒྱུ་དང་བརྡ་སྤྲོད་པའི་འགྲོས་དང་མི་མཐུན་པའི་ཁ་སྐད་རྣམས་བསྡུ་སྒྲིག་བྱས་ནས་ཕན་ཚུན་གྱིས་རྒྱུས་ལོན་བྱེད་རྒྱུ་དེ་ཡིན། དེས་ང་ཚོ་མདོ་དབུས་ཁམས་གསུམ་གྱི་བོད་པ་ཚོ་གདོང་ཐུག་ནས་ཁ་བརྡ་བྱེད་སྐབས་ལོ་ཙྭ་བ་མི་དགོས་བ་ཞིག་འབྱུང་གི་རེད་བསམ་པ་དེ་ཡིན། ཕྷ་རན་སིའི་ཕྷ་སྐད་དང་ཁ་ན་ཀྲའི་ཕྷ་སྐད་གཉིས་ལའང་སྒྲ་གདང་གི་ཆ་ནས་བར་ཐག་ཅུང་རིང་ནའང་ཁོ་ཚོས་ཕྱོགས་གཉིས་ཀའི་མིང་ཚིག་དག་ངོ་ཤེས་བ་དེས་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མི་འདུག ཡིག་སྐད་ཁོ་ནར་འཐམ་ནས་ཁ་སྐད་ལ་དོ་སྣང་མ་བྱས་ཚེ་ནམ་ཡང་ཕན་ཚུན་ལ་ཁ་བརྡའི་ལམ་ནས་སྤྱི་སྐད་ཅིག་ཡོང་ཐབས་མི་འདུག་འདོད། ཡིག་སྐད་ཁོ་ན་བེད་སྤྱད་བྱེད་པ་ལས། ལོ་ངོ་དུ་མའི་རིང་ཀུ་རེ་རྩེས་མོ་དང་མཉམ་དུ་བཤད་པའི་ཁ་སྐད་གཙང་མ་སྒྱུ་རྩལ་གྱི་སྲོག་ཤིང་ལྟ་བུ་དེ་འདོར་དགོས་ཞེས་བཤད་ན་སུས་ཀྱང་ངེས་ལེན་བྱེད་ཐུབ་ཀི་མ་རེད། གལ་ཏེ་ང་ཚོར་ད་ལྟའི་བོད་པ་འབྲི་ཀློག་ཤེས་མཁན་ཚོར་ཡོད་པའི་ཡིག་ཐོག་གི་སྤྱི་སྐད་འདིའི་སྟེང་ལ་ཁ་བརྡའི་ཁྲོད་ཀྱི་སྤྱི་སྐད་ལྟ་བུ་ཞིག་གྲུབ་ནའང་རང་རང་གི་ཡུལ་སྐད་དེ་ལོ་ངོ་དུ་མའི་རིང་འགྱུར་ཐུབ་ཀི་མ་རེད་ལ་འགྱུར་དགོས་དོན་ཡང་མི་འདུག་སྙམ།
ངས་ཁ་སྐད་ཀྱི་ཕན་ཡོན་བཤད་སྐབས་རང་གི་སེམས་དང་མིག་ལམ་ལ་ཤར་བཞིན་པ་ནི་ཡི་གེ་ཅི་ཡང་མི་ཤེས་བའི་རང་གི་ཕ་མ་དང་སློབ་སྦྱོང་གི་གོ་སྐབས་མ་རེག་པའི་བོད་རིགས་དམངས་ཚོགས་དཀྱུས་མ་དེ་ཚོ་ཡིན། ཡོན་ཏན་པ་ཡིན་ཞེས་གནམ་ལ་ལྟ་བ་ལས་ཉམས་མྱོང་བ་ཡིན་ཞེས་ས་ལ་བལྟས་ན་ཁེ་བཟང་ཆེ་བར་འདོད། མདོར་བསྡུས་ནས་བཤད་ན། ངས་འདིར་ཨ་མདོའི་ཁ་སྐད་འགའ་བྲིས་ཡོད་པས་ཚང་མས་འདི་ལྟར་བྱེད་རོགས་ཅེས་བ་ཡིན།
༡ ཕ་ལ་ཧའི་སྒྲ་ཡོང་བ། ཕ་མ་ལ་ཧ་མ། ཕག་ལ་ཧག ཕུན་ཚོགས་ལ་ཧུན་ཚོགས། ཕན་ཐོག་ལ་ཧན་ཐོག་ལྟ་བུ།
༢ མིང་འོག་མའི་སྔོན་འཇུག་གི་སྒྲ་མིང་སྔོན་མས་ཤུགས་ཀྱིས་འདྲེན་པ་དཔེར་ན། རྟ་མགྲིན་ལ་རྟམ་མགྲིན། རྒྱ་མཚོ་ལ་རྒྱམ་མཚོ། ལྷ་མགོན་ལ་ལྷམ་མགོན། ཨ་མདོ་ལ་ཨམ་མདོ་ལྟ་བུ།
༣ ར་བཏག་གི་ཚབ་ལ་ཡ་བཏག་སྦྱར་བ། འགྲོ་ལ་འགྱོ། སྐྲ་ལ་སྐྱ། སྐྲང་ལ་སྐྱང་། སྒྲོ་ལ་སྒྱོ། གྲོད་པ་ལ་གྱོ་པུ་ལྟ་བུ།
༤ མིང་མཐའི་པ་ལ་ཀའི་སྒྲ་དང་དབྱངས་ཡིག་ཨོའི་སྒྲ་མཉམ་དུ་ཡོང་བ་དཔེར་ན། ལག་པ་ལ་ལོག་ཀ། ཡག་པ་ལ་ཡོག་ཀ འཁྱག་པ་ལ་འཁྱོག་ཀ སྐྱག་པ་ལ་སྐྱོག་ཀ་ལྟ་བུ།
༥ མི་ལ་མྱིི། མེ་ལ་མྱེ། མིང་ལ་མྱིང་། མིག་ལ་དམྱིག་ལྟ་བུའི་བརྡ་རྙིང་།
༦ བྱ་ལེ་ལ་ཨ་ལི། མོ་མཚན་ལ་གཉའ་མ། ཕོ་མཚན་ལ་འབུ་ལི། བྱི་ལ་ལ་མིའུ་ལོ། བུ་ལ་ཞི་ལི། བུ་མོ་ལ་ཞི་མོ། ཕྲུ་གུ་ལ་ཞ་ཡས་སམ་ཞའུ། ག་རེ་ལ་ཆི་ཟིག པེ་ཡག་པོ་འདུག་ལ་གཤིས་ཀི་ཧྲ་སྲ ཀི། ཤུགས་རྒྱོབས་ལ་ཧྲ་སྲ་ལ་བྱོས། ངོ་མ་ཟེར་རམ་ལ་ངེ་ངེ་བཟས་ནས་ལྟ་བུའི་ཡུལ་སྐད།
༧ བསམ་བློ་ཐོངས་ལ་འདང་རྒྱོབས། གཟབ་གཟབ་བྱོས་ལ་སེམས་ཆུང་བྱོས། ག་དུས་ལ་ནམ། ཕྱིན་སོང་ལ་བུད་སོང་ལྟ་བུ་ཡིག་སྐད་ཡིན་ཡང་རྒྱུན་སྤྱོད་བྱེད་མིན་གྱི་ཁྱད་པར་སོགས་འདུག་པས་འདི་དག་ཚང་མས་རྒྱུས་ལོན་བྱས་ན་ཕན་ཚུན་གདོང་ཐུག་ནས་ཁ་བརྡ་བྱེད་སྐབས་ལོ་ཙྭ་བ་མི་དགོས་བ་ཞིག་ཡོང་གི་རེད་ཅེས་བཤད་འདོད་པ་དེ་ཡིན།
ཕྷ་རན་སི་ལྟ་བུར་མཚོན་ན་ཡུལ་སྐད་དང་ལུང་སྐད་ཚང་མ་ཚིག་མཛོད་དུ་བཅུག་ནས་དེ་ལ་ལོ་རེ་ བཞིན་ཁ་སྣོན་བྱེད་བཞིན་པ་མ་ཟད། མིང་ཚིག་རེ་རེའི་ཁུངས་འདེད་ཀི་འདུག ཕལ་སྐད་དམ་ལུང་སྐད་ཅི་ཞིག་ཡིན་ཡང་དུས་དེབ་དང་ཚེགས་ཤོག་སོགས་ནས་ཐེངས་གསུམ་ལ་བེས་སྤྱད་བཏང་བ་མཐོང་ཚེ་དེ་ནི་ཚིག་མཛོད་ལ་འཇུག་པའི་ཐོབ་ཐང་འདུག དེ་རིང་དེ་ཙམ་ཡིན།
