གསེར་མདོག་གི་གངྒ་དང་དེའི་ཟུར་མཆན་བཀླགས་པའི་འཆར་སྣང་།
ངས་ཀྱང་ཚིག་འགའ་འབྲི་ན་འདོད།
དྲ་གྲོགས་སྤོབས་པ་མཐའ་ཡས་དང་རས་པ། གནམ་ལྕགས་སོགས་ཀྱིས་བདེ་ཆེན་སྒྲོལ་མའི་སྙན་ངག་གསེར་མདོག་གི་གངྒ་ཟེར་བ་དེ་བཀླགས་པའི་འཆར་སྣང་སྣ་ཚོགས་འབྲི་བཞིན་འདུག་པས་ངས་ཀྱང་ཚིག་འགའ་བཤད་ན་འདོད།
ལོ་ངོ་བཅུའི་ཡར་སྔོན་ཞིག་ལ་ངའི་གྲོགས་པོ་སྙན་ངག་པ་ཞིག་གིས་ང་ལ་ཁྱོད་ཀྱིས་ཚྭ་ཆུའི་བྱུང་བ་བརྗོད་པ་བཀླགས་ཨེ་མྱོང་ཟེར། ངས་མ་མྱོང་ཞེས་བས་ཁོས་སྙན་ངག་དེ་བཀླགས་ནས་ངུས་རབས་བཅོ་བརྒྱད་ཟེར། ཉིན་ཞིག་ཆེད་དུ་ཚྭ་ཆུའི་བྱུང་བ་བརྗོད་པ་བཙལ་ནས་བཀླགས་ནའང་ང་ལ་དམིགས་བསལ་གྱི་ཚོར་བ་ཅི་ཡང་མ་བྱུང་བས་ངས་རང་གིས་སྙན་ངག་མི་ཤེས་བའི་སྐྱོན་དུ་བསམ་པ་ཡིན། བཙན་བྱོལ་བའི་སྤྱི་ཚོགས་ན་དཔེ་དེབ་ཀྱི་མུ་གེ་འཕྱུར་བའི་དབང་གིས་མི་འདོད་བཞིན་དུ་བཀླགས་ཟིན་པའི་དཔེ་དེབ་དག་བསྐྱར་ཀློག་བྱེད་དགོས་བ་ཆོས་ཉིད་དུ་གྲུབ་པས། ཉིན་ཞིག་ཡང་བསྐྱར་ཚྭ་ཆུའི་བྱུང་བ་བརྗོད་པར་འཕྲད། ཉིན་དེར་ངས་ཚྭ་ཆུའི་བྱུང་བ་བརྗོད་པ་ཀློག་བཞིན་བུ་མོ་ཆུང་ཆུང་ཞིག་གི་དཀའ་སྡུག་གི་ལོ་ཟླ་རིང་མོའི་སྣང་བརྙན་མིག་མདུན་དུ་བཟུང་ནས་བུ་མོ་ཆུང་ཆུང་དེར་ངུ་རོག་བྱས་མྱོང་། དུས་དེ་ནས་བཟུང་ངས་སྙན་ངག་གིས་ཚོར་བའི་བརྒྱ་ཆའི་ལྔ་བཅུ་དང་ཀློག་པ་པོས་སྙན་ངག་ཀློག་དུས་ཀྱི་སེམས་ཁམས་དེས་ཚོར་བའི་བརྒྱ་ཆའི་ལྔ་བཅུ་བཟུང་འདུག་ཅེས་བཤད་ཀྱིན་ཡོད།
དེ་མཚུངས་སུ་དྲ་གྲོགས་བདེ་ཆེན་སྒྲོལ་མའི་སྙན་ངག་གསེར་མདོག་གི་གངྒ་ཞེས་བ་དེ་དྲ་ཐོག་ཏུ་བསླེབས་མ་ཐག་ངས་ཐེངས་གཅིག་བཀླགས་པ་ཡིན། གསེར་མདོག་དང་གཡུ་མདོག་སོགས་མིང་ཚིག་ཅི་ཞིག་བེད་སྤྱད་བྱས་ཀྱང་དེ་ནི་སྙན་ངག་པས་སྙན་ངག་ལ་སྦྱར་བའི་མིང་ཚིག་ཅིག་ལས་གཞན་ཅི་ཡང་མཐོང་མ་སོང་། དྲང་མོར་བཤད་ན་ཆུ་མོ་གངྒའི་ཁ་དོག་ངོ་མ་དེ་ངའི་མིག་ལམ་ལ་གསལ་ལེར་ཤར་ནས་དེ་ལས་ལྷག་པའི་ཁ་དོག་ཅིག་ཇི་ལྟར་བསྒོམ་ཡང་ངའི་མིག་ལམ་ལ་འཆར་མ་ཐུབ་པས་ཡིན། ངས་མཐོང་བའི་སྣང་བརྙན་ནི་ཨ་མདོའི་གསར་འབྱོར་ཞིག་གིས་འཆར་ཁ་དང་ཉི་ནུབ་སྟེ་ཏག་ཏག་རྒྱ་གར་བ་ཚོས་ཆུ་མོ་གངྒའི་འགྲམ་ནས་གཅིན་སྐྱག་གཏོང་བའི་དུས་ཚོད་དེར། རང་ཉིད་ཁོ་ན་ལས་སུས་ཀྱང་མཐོང་མ་མྱོང་བའི་སྣང་བརྙན་ཞིག་རྟོགས་པས་བཞེངས་འདུག་པ་དེ་དང་། ངས་བརྙེད་པའི་ཚོར་བ་ནི་བདེ་ཆེན་སྒྲོལ་མས་ཆུ་མོ་གངྒའི་འདས་སོང་གི་ལོ་རྒྱུས་ལ་ཞིབ་འདང་རྒྱག་བཞིན་དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར་རང་སེམས་ཀྱི་ཚོར་བའི་རླབས་རིས་ཤིག་ཆུ་མོ་གངྒའི་ཆུ་གཉེར་རེ་རེ་བཞིན་གཅིག་ཐོག་གཅིག་བརྩེགས་ཀྱིས་བཞུར་དུ་འཇུག་བཞིན་པ་དེ་ཡིན། དེའང་ང་རང་སྙན་ངག་དང་བར་ཐག་རིང་ལ་ཆུ་མོ་གངྒ་དང་བར་ཐག་ཧ་ཅང་ཉེ་བས་ཡིན།
རྒྱ་ནག་གི་རྩོམ་པ་པོ་ཞིག་གིས་སྲིན་འབུ་དར་འཐག་གིས་བཟོས་བའི་རྒྱལ་མོའི་གོས་ལྭ་ཞིག་མཐོང་ནས་མིག་ཆུ་ཤོར་ཞེས་བའི་སྙན་ངག་ཅིག་བྲིས་བས་རྒྱ་ནག་གི་སྙན་ངག་པ་མང་བོས་དེ་ལ་འགྲེལ་བཤད་མི་འདྲ་བ་མང་བོ་བྲིས་བ་མ་ཟད་ཚང་མའི་མིག་ཆུ་ཤོར་རབས་བཤད་པའི་མཐར། རྩོམ་པ་པོས་ངས་ནི་སྙན་ངག་དེ་འབྲི་དོན་རྒྱལ་མོ་ཞིག་གི་གོན་པའི་ཆེད་དུ་སྲིན་འབུ་ཅི་ཙམ་གྱི་ཚེ་སྲོག་ཤོར་ཡོད་དམ་བསམ་ནས་ངུས་བ་ཡིན། ཀློག་པ་པོ་དང་རྩོམ་པ་པོའི་མིག་ཆུ་ཤོར་དོན་མི་གཅིག་པ་དེས་ངའི་དམིགས་ཡུལ་འགྲུབ་མེད་ཅེས་བཤད་པ་རེད། དེ་བས་བདེ་ཆེན་སྒྲོལ་མས་བཞེངས་བའི་སྣང་བརྙན་དེ་ཟ་ལེ་རྒྱལ་གྱིས་ད་དུང་མཐོང་མེད་མོད། སེམས་ཁམས་ཀྱི་འགྱུར་ལྡོག་དང་བརྟུན་ནས་ནམ་ཞིག་དེ་ལ་རོ་མྱོང་ཞིག་བྱེད་ཐུབ་པའི་རེ་བ་ཡོད།
༢༠༡༠ ༠༣ ༣༠ ལ་འདོན་སྤེལ་བྱས།
གལ་ཏེ་གསེར་མདོག་གི་གངྒ་ཀློག་འདོད་ན་ངའི་གཞན་རྩོམ་གྱི་ཁུངས་སུ་བཅུགས་ཡོད།
