ཁ་སང་བོན་རྒྱས་དྲ་ཐོག་བགྲོ་གླེང་ལ་ཁྱོད་ཀྱིས་ཀུ་རེ་དང་སྒྲུང་རྩོམ་གྱི་ཕྱོགས་ནས་སྐད་ཆ་འགའ་བཤད་ན་ཡག་ས་རེད་ཅེས་བས། ངས་ཀྱང་རང་གིས་ཨུ་ཚུགས་བྱས་ནས་སྒྲུང་ཐུང་འགའ་བྲིས་མྱོངས་བའི་ཉམས་མྱོང་གི་སྟེང་ནས་སྐད་ཆ་འགའ་བཤད་ན་འདོད། གཞུང་ལུགས་རྩོམ་པ་པོ་རྣམས་ཀྱིས་སྒྲུང་རྩོམ་འབྲི་སྐབས། སྒྲུང་གི་བྱུང་རིམ་དང་མི་སྣ། ཁོར་ཡུག་སོགས་གོ་སྒྲིག་བྱས་རྗེས་ད་གཟོད་སྨྱུ་གུ་བཟུང་ནས་འབྲི་དགོས་བར་བཤད། ང་རང་ལམ་ཁ་དེར་ཞུགས་ནས་ཨུ་ཚུགས་མང་པོ་བརྒྱབ་མྱོང་ལ། གཞུང་ལུགས་རྩོམ་པ་པོ་ཚོས་བརྩམས་སྒྲུང་བྲིས་མྱོང་ཡོད་མེད་ལ་དོགས་པའང་སྐྱེས་མྱོངས། ཕྱིས་སུ་ངས་སྒྲུང་རྩོམ་པ་མང་པོར་ཁ་བརྡ་བྱེད་མྱོང་ལ་སྒྲུང་འབྲི་སྟངས་ཀྱི་ཕྱོགས་ནས་དྲི་བའང་དྲིས་མྱོང། ཕྱི་རྒྱལ་གྱི་སྒྲུང་རྩོམ་པའམ་རྩོམ་པ་པོ་རྣམས་ནི་དེའི་ཆེད་ལས་བ་རེད། དེ་ནི་ཁོ་ཚོའི་འཚོ་ཐབས་རེད། དེ་ནི་ཁོ་ཚོའི་ཚོང་རྫས་རེད། ཁོ་ཚོར་ཀློག་པ་པོ་ཇི་ཙམ་མང་ན་ཚོང་གི་འཁོར་རྒྱུག་དེ་ཙམ་གྱིས་ཆེ་རུ་འགྲོ་བས། རྩོམ་པ་པོ་ཚོས་དམིགས་པའི་གནད་དུ་བཟུང་བའང་ཀློག་པ་པོ་ཁོ་ན་རེད། མི་མང་བོས་སྒྲུང་རྩོམ་འབྲི་དུས་འཆར་གཞི་སྔོན་དུ་སོང་མི་འདུག ལ་ལས་ཉིན་རེར་དུས་ཚོད་ཀྱི་ཁ་གྲངས་གཏན་འཁེལ་གྱིས་འབྲི་ཡི་འདུག་ལ། ལ་ལས་ཉིན་རེར་ཤོག་གྲངས་གཏན་འཁེལ་གྱིས་འབྲི་ཡི་འདུག སེམས་ཁམས་བདེ་མིན་གྱི་དབང་གིས་ཉིན་གང་བོར་བསམ་བློ་བཏང་ཡང་ཤོག་ངོས་གཅིག་ཀྱང་འབྲི་མ་ཐུབ་པར་ལྷག་པའི་གནས་ཚུལ་ཡང་བྱུང་མྱོང་ཟེར། དེའི་བསྟན་དོན་ནི་སྒྲུང་གི་སྒྲིག་གཞི་དང་བྱུང་རིམ་སོགས་སྔོན་དུ་སོང་མེད་པའི་རྟགས་རེད། ཁ་སང་དེ་རིང་ངས་སྒྲུང་གི་བྱུང་རིམ་དང་མི་སྣ། ཁོར་ཡུག་སོགས་ལ་གོ་སྒྲིག་ཅི་ཡང་མེད་པར་སྒྲུང་གི་བརྗོད་བྱ་ཁོ་ནར་འཐམ་ནས་འབྲི་ཡི་ཡོད། སྒྲུང་གི་མགོ་འཛུག་དུས་སྒྲུང་མཇུག་ཅི་ལྟར་བསྡུ་བའི་བསམ་བློ་ངའི་སེམས་ལ་འཁོར་གི་མེད། སྒྲུང་གི་བརྒྱུད་རིམ་ཁྲོད་ནས་རང་གི་སེམས་ལ་མ་དྲན་པའི་མི་སྣ་དང་ཁོར་ཡུག་སྣ་མིན་སྣ་ཚོགས་མཐོང་ཞིང་ཐུག་ཐུབ་པ་མ་ཟད། སྒྲག་གཞི་ཞིག་གི་ནང་ལ་ཨུ་ཚུགས་བྱེད་མི་དགོས་པས་སྨྱུ་གུའི་རང་དབང་དང་ཚིག་གི་ལྷོད་ཤ་ལ་ཧ་ཕན་པ་མ་ཟད། མཚམས་རེར་རང་ཉིད་ལའང་དགོད་འཆོར་བ་མང་པོ་ཡོང་གི་འདུག བོད་ཀྱི་སྒྲུང་རྩོམ་པ་སྐུ་ཞབས་སྟག་འབུམ་རྒྱལ་གྱིས་ཀྱང་སྐད་ཆ་འདི་འདྲ་ཞིག་བཤད་པ་ཐོས་མྱོང། ངས་སྒྲུང་རྩོམ་ཞིག་བྲིས་ཀྱིན་བྲིས་ཀྱིན་མཐུ་ནུས་བ་ཅན་གྱི་སྔགས་རྒན་བཙན་ཡ་མེད་ཅིག་ལ་ཐུག་སོང་། ངས་ཁོ་འདུལ་མ་ཐུབ་པར་བསམ་བློ་བཏང་བཏང་མཐར་ཁོ་ཚང་ལ་དྲེལ་རྒན་རྒོད་པོ་རྒོད་པོ་ཞིག་ཡོད་པ་དེར་བསྐྱོན་ནས་ཁྱིམ་མཚེས་ཚང་གི་འདབས་སུ་འགྲོ་རུ་བཅུག་རྗེས། ཁྱིམ་མཚེས་ཚང་ལ་ཁྱི་རྒན་བཙན་པོ་བཙན་པོ་ཞིག་ཡོད་པ་དེ་ཁོའི་ཐོག་ལ་བཏང་ནས་ངས་ཁོ་བཏུལ་བ་ཡིན་ཞེས་བ་རེད། ཡང་ཁོང་གིས་ཕྱུག་བདག་ཚང་ཞིག་གིས་གཡོག་པོར་གཅར་བརྡུང་བྱས་ནས་གཡོག་པོ་འདུག་མ་ཐུབ་པར་མཚན་མོ་ཞིག་ལ་བྲོས་བྱོལ་དུ་ཕྱིན་པས། ཟླ་འོད་དང་གྲིམ་མའི་ཁ་མཚམས་ཤིག་ན་འགྲོ་བ་མཐོང་ནས་ངས་ཁོ་རང་སྤྱང་ཀི་ཞིག་ལ་ཐུག་མི་ཡོང་ངམ་སྙམ་ནས་སེམས་ལ་བྲེལ་ཤ་ལངས་ཞེས་བ་རེད། སྐད་ཆ་འདིས་རང་གི་སྨྱུག་འོག་གི་མི་སྣ་དེ་རྩོམ་པ་པོས་གོ་སྒྲིག་བྱས་བ་ཞིག་མིན་པར་སྨྱུ་ངུའི་རང་དབང་དེ་གསལ་བོ་བསྟན་འདུག དེ་བས་གཞུང་ལུགས་རྩོམ་པ་པོ་ཚོས་སྒྲུང་གི་འཆར་གཞི་སྔོན་དུ་འགྲོ་དགོས་ཞེས་བ་དེ་ཡིད་ཚོད་ཀྱིས་བཤད་པ་འདྲ། སྒྲུང་རྩོམ་འབྲི་དུས་འཆར་གཞི་ཞིག་གི་ནང་ལ་ཨུ་ཚུགས་མི་བྱེད་པར་རང་གི་བརྗོད་བྱ་དང་མ་འགལ་བའི་སྒོ་ནས་སྨྱུ་གུར་རང་དབང་སྟེར་དགོས་བར་འདོད། ཁོར་ཡུག་འདྲ་མིན་ནས་མི་སྣ་འདྲ་མིན་ལ་ཁ་བརྡ་བྱེད་བཞིན་སྨྱུག་ཁ་རྒྱ་ཡན་ལ་བཏང་ནས་བྲིས་ན་རང་གི་སེམས་པ་སྐྱིད་པོ་འདུག འདི་ནི་ང་རང་གི་ཉམས་མྱོང་ཙམ་ཡིན་པས་མི་གཞན་པའི་བློ་ངོར་འཚམ་མིན་མི་ཤེས། གཞན་ཡང་སྒྲུང་རྩོམ་ལ་མེད་དུ་མི་རུང་པ་དེ་དགའ་སྐྱོ་ཆགས་སྡང་གི་རྣམ་པ་སྒྲུང་རྩོམ་ཁྲོད་ཀྱི་མི་སྣའི་རྣམ་འགྱུར་གྱི་སྟེང་ནས་མཚོན་ཐབས་བྱེད་དགོས། ཁོ་མི་ཞེ་སྡང་ཅན་ཞིག་ཡིན་ཞེས་རྩོམ་པ་པོའི་རང་ཚིག་གིས་ངོ་སྤྲོད་བྱེད་པ་དེ་ཨུ་ཐུག་པའི་བྱ་བ་རེད། མི་སྣའི་རྣམ་འགྱུར་དེའང་དཔེ་ཡི་སྒོ་ནས་མི་བཤད་པར་ཐད་ཀར་མི་སྣ་དེའི་འགུལ་སྐྱོད་དང་། འགྲོ་སྟངས། འདུག་སྟངས། སྐད་ཆ་བཤད་སྟངས་སོགས་ཀྱིས་མཚོན་ཐབས་ལ་འབད་དགོས། བརྩམས་སྒྲུང་གི་ནང་ན་མཚུངས་བ་གསལ་བྱེད་ཀྱི་སྒྲ་བཞིན་འདྲ་མཚུངས་སོགས་མང་དྲག་ན་སྙན་ངག་གི་རྣམ་པར་གྱུར་ནས་འཚོ་བའི་ཁྲོད་ཀྱི་སྐད་ཆ་ངོ་མ་དེ་ཡོང་མི་ཐུབ་ལ། བུ་མོ་མེ་ཏོག་འདྲ་བ་ཞིག་ཅེས་བ་དེས་བུ་མོ་དེ་མིག་ལམ་ལ་འཆར་མི་ཐུབ་པས་སྐད་ཆ་འདིའི་རིགས་ལ་སྒྲུང་རྩོམ་ཁྲོད་ཀྱི་བུ་མོ་དེའི་རྣམ་པ་སྟོན་པའི་ནུས་བ་མེད། དེ་མིན་ང་ལ་སྒྲུང་རྩོམ་གྱི་སྐོར་ནས་འདི་བཤད་དགོས་བསམ་པ་ཅི་ཡང་མེད། དྲི་བ་ཡོད་ན་དྲིས་དང་ཤེས་ཚོད་ཀྱི་ལན་ཞིག་རྒྱག་གི་
འདོན་སྤེལ།: ༢༠༡༠/༠༤/༠༣
ཟླ་བ་གཞོན་ནུའི་དྲི་བ་གཉིས་ལ་ལན་དུ་ཕུལ།
ཟླ་གཞོན་ལགས།
སྤྱིའི་ཆ་ནས་སྒྲུང་ལ་འབྲི་ཐབས་ཤིག་ཡོད་པ་དེ་གཞུང་ལུགས་དག་ན་གསལ་བོར་ཡོད་པས་ངས་དེའི་ནང་གི་ཚིག་འགའ་བརྗེས་ནས་རང་གིས་བྲིས་བ་ལྟར་བྱེད་འདོད་མེད་ལ་དྲང་མོར་བཤད་ན་ངས་བཤད་ཀྱང་མི་ཤེས།
གོང་གི་ཟིན་བྲིས་འདིའང་དྲ་གྲོགས་བོན་རྒྱས་ང་ལ་ཁྱོད་རང་གི་ཉམས་མྱོང་འགའ་འབྲི་རོགས་ཞེས་བ་དེར་རང་གི་ཉམས་མྱོང་ཙམ་བྲིས་བ་ལས་ངས་ཐབས་ལམ་གཞན་ཞིག་བརྙེད་ཡོད་ཅེས་བའང་མིན།
ཅི་ཞིག་འབྲི་དང་ཅིའི་ཕྱིར་འབྲི། ཇི་ལྟར་འབྲི་སོགས་ལས་ཅི་ཞིག་འབྲི་དང་ཅིའི་ཕྱིར་འབྲི་ནི་རྩོམ་ཡིག་ཚང་མར་གཅིག་མཚུངས་སུ་ཡོད་བ་རེད།
ངས་འདིར་ཚིག་འགའ་བྲིས་བ་དེ་ཇི་ལྟར་འབྲི་ཞེས་བ་དེའི་སྐོར་ཡིན།
ངས་སྒྲུང་རྩོམ་ཚད་ལྡན་ཞིག་འབྲི་མི་ཤེས་བས་དེ་ཚོད་ཀྱི་ཉམས་མྱོང་ཞིག་ལས་ཉམས་མྱོང་ཚད་ལྡན་ཞིག་བཤད་རྒྱུ་མེད།
ངས་རང་གི་སྒྲུང་གི་བརྗོད་བྱའམ་ཅི་ཞིག་འབྲི་ཞེས་བ་དེ་དང་དེ་འབྲི་བའི་དམིགས་ཡུལ་ལམ་ཅིའི་ཕྱིར་འབྲི་ཞེས་གཉིས་བདམས་རྗེས།
ཇི་ལྟར་འབྲིའམ་སྒྲུང་གི་སྒྲིག་གཞི་དང་མི་སྣ། འཁོར་ཡུག མཚོན་ཐབས་སོགས་ལ་བསམ་བློ་སྔོན་དུ་མ་སོང་བར་སྨྱུག་ཁ་རྒྱ་ཡན་དུ་བཏང་ནས་བསམ་བློ་གཏོང་ཞོར་དང་འབྲི་ཞོར་བྱེད་ཀྱིན་ཡོད།
དེ་བས་ངས་གཞུང་ལུགས་འབྲི་མཁན་ཚོ་ནི་དྲང་མོར་བཤད་ན་ཁ་རྒྱགས་བཤད་རྒྱུར་མཁས་བ་ལས་ལག་ལ་བཞག་ན་ཨེ་ཡོང་ངམ་བསམ་མྱོང་ཞེས་བ་ཡིན།
ང་རང་བོད་ན་ཡོད་དུས་རྒྱ་གར་ལ་འགྲོ་མྱོང་མཁན་ཞིག་ལ་ལམ་རྒྱུས་དྲིས་ཏེ་ཁོང་གིས་ང་ལ་འགྲེལ་བཤད་བྱས་བ་དེ་དང་ལམ་ཁྲིད་ལ་སྒོར་སྟེར་རྒྱུ་མེད་པར་ཚོད་དཔག་གིས་ང་རང་དངོས་སུ་ལམ་བར་ནས་ཇི་ལྟར་ཡོང་བ་གཉིས་དོན་གྱིས་ཐ་དད་རེད།
དེའང་ཅིག་གིས་བཤད་པ་དང་རང་གིས་མྱངས་བ་གཉིས་མི་འདྲ་བའི་དཔེ་མཚོན་ཙམ་ཡིན། འདི་ནི་ཁྱོད་ཀྱི་དྲི་བ་དང་པོ་དེའི་ལན་དུ་བྲིས་བ་ཡིན།
འདི་ན་ངས་རང་གི་ཉམས་མྱོང་ཙམ་ལས་གཞུང་ལུགས་བཤད་ཁུལ་བྱེད་ཀྱིན་མེད།
༼ད་དུང་སྨྱུ་གུར་རང་དབང་སྟེར་བ་ལས་ཀྱང་། སྒྲུང་གི་མགོ་མཇུག་བར་གསུམ་དུ་སྒྲུང་གི་མི་སྣའི་སེམས་ཁམས་དང་། ལྕོགས་ཚད།
སྒྲུང་གི་མཁའ་དབུགས་དག་ནམ་ཡང་ཐུགས་ནས་མ་བསྙེལ་བ་གནང་རྒྱུ་གལ་ཆེ་བར་འདོད། ༽ཅེས་བ་འདི་བདེན་པ་རེད།
ཡིན་ནའང་དེའི་དབང་གིས་སྒྲུང་གི་སྒྲིག་གཞི་སྔོན་ལ་འགྲོ་དགོས་བ་ཞིག་མཐོང་མ་སོང་།
མཚོན་དོན་དཔེ་ཡིས་སྟོན་པ་དེ་ཡོད་དགོས་བ་ཞིག་ཡིན་ནའང་དཔེ་དེ་དང་དཔེ་ཅན་གཉིས་ལ་མཚུམས་ཆོས་ངོ་མ་ཞིག་དགོས་ཀྱིན་འདུག་ཅེས་བ་དེ་ཡིན།
བུ་མོ་མེ་ཏོག་འདྲ་བ་ཞིག་ཅེས་བ་འདི་བཤད་སྟངས་ཤིག་གམ་ཚད་འཇལ་སྟངས་ཤིག་ལས་དོན་གྱིས་བུ་མོ་མཛེས་མ་ཞིག་དང་མེ་ཏོག་ངོ་མ་ཞིག་གི་བར་ན་མཚུངས་ཆོས་མི་འདུག་ཅེས་བ་ཡིན།
འདི་ལྟ་བུའི་དཔེ་མཚོན་དག་གིས་སྒྲུང་རྩོམ་ཁྲོད་ཀྱི་མི་སྣ་དེའི་མཛེས་སྡུག་ངོ་མ་སྟེ་ཇི་ལྟར་མཛེས་བའི་སྣང་བརྙན་དེ་ཀློག་པ་པོའི་མིག་མདུན་ལ་སྟོན་ཐུབ་ཀྱིན་མི་འདུག
ཁྱོད་ཀྱིས་གོང་ནས་དྲངས་བའི་སྒྲུང་བརྩམས་དེ་དག་ངས་མཐོང་མྱོང་མེད་པས་དེ་དག་ལ་ཅི་ཡང་བཤད་མི་སྤོབས་མོད་དཔེ་དང་དོན་གྱི་ངོ་འཕྲོད་པའམ་ཀློག་པ་པོའི་མིག་མདུན་ལ་དོན་གྱི་འཆར་སྣང་སྟེར་ཐུབ་པ་ཞིག་བྱུང་ན་དེ་ལ་ངོས་ལེན་ལོས་ཡོད།
རབ་བྱུང་ན་འཚོ་བ་དང་མི་སྣ། ཁོར་ཡུག་སོགས་བརྩམས་སྒྲུང་ཁྲོད་ཀྱི་སྣང་བརྙན་དེ་དག་དཔེ་ཡི་སྒོ་ནས་སྟོན་མ་དགོས་བར་དེའི་ཁྱད་ཆོས་དག་རེ་རེ་བཞིན་ཞིབ་འབྲི་བྱེད་ཐུབ་ན་བཟང་བར་སྙམས།
འདི་ནི་ཁྱོད་ཀྱི་དྲི་བ་གཉིས་བ་དེའི་ལན་དུ་བྲིས་བའི་ཁུལ་ཡིན།
ཟླ་བ་གཞོན་ནུའི་དྲི་བ།
|
ཟླ་བ་གཞོན་ནུ། |
ཟ་ལེ་ལགས་ཀྱི་ཉམས་མྱོང་ལྷུག་བརྗོད་མ་འདི་ཞིབ་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་ཡིན། |
