དེ་རིང་ཡང་ལབ་ཐུང་ཐུང་ཞིག་རྒྱག་གི་ཡིན།

ཟ་ལེ་རྒྱལ།

དྲ་གྲོགས་བསྟན་འཛིན་ཚེ་དཔག་གི་དྲི་བ་དེར་ལན་ཐུང་ཐུང་ཞིག་བརྒྱབ་ན། སྤྱི་སྐད་ཅིག་ཡོང་གི་རེད། དུས་ཀྱི་སྔ་གཞུག་གི་ཁྱད་པར་ཙམ་ལས་ང་ལ་སྤྱི་སྐད་ཅིག་ཡོང་གི་ཡོད་པའི་སྣང་བ་སྟེར། བོད་ཁ་འཐོར་གྱིས་ཡུན་རིང་འགོར་པའི་དུས་སྐབས་དེར་ཡི་གེ་ལ་ནུས་བ་མ་ཐོན་པས་ཁ་སྐད་སོ་སོར་གྱེས་བ་རེད། དུས་འགྱུར་གྱི་དབང་གིས་དེང་སྐབས་བོད་ས་ཡོངས་ན་ཡི་གེར་དོ་སྣང་བྱེད་ཀྱིན་ཡོད་པ་འདིས་སྤྱི་སྐད་ཀྱང་མཉམ་དུ་དྲུད་ཡོང་གིན་ཡོད། ཡིན་ནའང་སྤྱི་སྐད་ཅེས་བ་དེ་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་གཉིས་དོར་ནས་གཅིག་ལེན་དགོས་བ་ཞིག་མ་རེད། ཕན་ཚུན་གྱི་ཁ་སྐད་ལ་དོ་སྣང་བྱས་ནས་གོ་བརྡ་འཕྲོད་པ་བྱེད་རྒྱུ་དེ་རེད། དེ་ནི་ཡུལ་ལུང་གཞན་པའི་སྐད་ནས་གསལ་བོར་ཤེས་ཐུབ། དཔེར་ན་རྒྱ་གར་གྱི་དབྱིན་སྐད་དང་ཟི་ཁོ་ཀྲི་ལན་ཀྲུའི་དབྱིན་སྐད། དབྱིན་ཇིའི་དབྱིན་སྐད་གསུམ་ལ་ལྟོས་དང་། དབྱིན་སྐད་ལ་བྱང་ཆ་མེད་ན་སྐད་རིགས་གཅིག་ཡིན་མིན་མི་ཤེས་བའི་ཚོད་རེད། ང་ཚོས་སྤྱི་སྐད་གླེང་སྐབས་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་གང་རུང་ཞིག་གཞི་ལ་བཞག་སྟེ་གཉིས་འདོར་བའམ་གཙོ་ཕལ་དབྱེ་དགོས་བར་བཤད་པ་དེ་རྒྱ་ནག་གི་སྤྱི་སྐད་དེས་ཤན་ཤུགས་པ་འདྲ ཧྥ་རན་སི་ལྟ་བུར་མཚོན་ནའང་སྒྲ་གདངས་མི་གཅིག་པའི་ཧྥ་སྐད་མང་གི་རེད། ཡིན་ནའང་ཕན་ཚུན་ལ་གོ་བརྡ་འཕྲོད་ཀི་རེད། དེའི་དོན་གོ་བ་མ་ཟད་མིང་ཚིག་འདི་ཧྥ་རན་སིའི་གླིང་ཕྲན་ཅིག་ཅིག་དང་ཉིག་ཉིག་གིས་རྒྱུན་སྤྱོད་བྱེད་ཀི་རེད་ཅེས་འགྲེལ་བཤད་ཡོད་པ་རེད། དེས་ང་ཚོས་ཀྱང་ཕན་ཚུན་གྱི་ཁ་སྐད་དམ་རྒྱུན་སྤྱོད་མིང་ཚིག་དག་ཤེས་དགོས་བ་བསྟན་ཡོད་པ་རེད། ཁ་སྐད་དང་ལུང་སྐད་གང་ཡིན་ཡང་བོད་པ་རང་ངོས་ནས་བཟོས་བའི་མིང་ཚིག་དེ་བོད་སྐད་མ་རེད་ཅེས་བཤད་ཆོག་གི་མ་རེད། དེ་ནི་ང་ཚོས་བོད་པའི་རྒྱུན་སྤྱོད་མིང་ཚིག་ཆ་ཚང་མ་ཤེས་པས་རེད དེ་ན་བོད་པ་ཚང་མས་བོད་ཀྱི་མིང་ཚིག་ཆ་ཚང་ཤེས་རྗེས་སྤྱི་སྐད་གྲུབ་པ་རེད། ང་ཚོར་སྤྱི་སྐད་མེད་པ་དེ་ང་ཚོས་བོད་རང་གི་མིང་ཚིག་ཚང་མ་མ་ཤེས་པས་རེད། དེ་བས་ངས་ཁ་སྐད་ཤེས་དགོས། ཁ་སྐད་བཤད་དགོས་ཅེས་བ་ཡིན་ལ་དེའི་སྟེང་ནས་གནས་ལུགས་ཤིག་ཀྱང་མཐོང་གི་འདུག ༧ ཡིད་བཞིན་ནོར་བུས་ཁ་སྐད་བྲིས་ན་མི་ལེགས་ཚུལ་གསུང་བ་རེད་ཟེར། ཡིན་ནའང་ངས་དེ་ལ་ལེགས་སོ་ཟེར་མི་ཐུབ། ངས་རང་སྟེང་ནས་རང་གི་ཚོད་ཀྱིས་གནས་ལུགས་ཤིག་མཐོང་གི་ཡོད་པས་ཡིན། གལ་ཏེ་༧ ཡིན་བཞིན་ནོར་བུར་ལེགས་སོ་ཟེར་དགོས་ན སྐྱབས་སུ་མཆི། བདེན་རྒྱུ་རེད་ཟེར་བ་ཙམ་ལས་ངས་ལེགས་སོ་ཟེར་དོན་མི་ཤེས ང་ཚོའི་སྤྱི་ལ་ཡིག་སྐད་ཡོད་ཟེར་གྱིན་འདུག་མོད། དེ་ནི་རྒྱ་རགས་ཀྱིས་བཤད་པ་བཞིན་ནང་བསྟན་ཆོས་ལུགས་ཀྱི་འགྲེལ་བཤད་ཁོ་ན་ལ་དམིགས་པ་ལས་དམངས་ཚོགས་དཀྱུས་མར་མ་དམིགས་པས་ཁ་སྐད་དང་ཡིག་སྐད་ཅེས་རིགས་གཉིས་སུ་གྱེས་པ་རེད། དེ་བས་ང་ཚོ་དམངས་ཚོགས་དཀྱུས་མས་རང་གི་མིང་ཚིག་དེ་དག་ཡིག་ངོར་བཀོད་དེ་བེད་སྤྱོད་བྱེད་རན་འདུག་ཅེས་བ་ཡིན། ངོ་མ་བཤད་ན་སྤྱི་ཚོགས་རྙིང་བར་་ཚིག་གིས་ཚང་མ་བདེན་དཔང་བྱེད་ཐུབ་པས་མང་ཚོགས་དཀྱུས་མར་ཡི་གེ་མ་མཁོ་བ་རེད། རྒྱ་ཡིག་ཐོག་དང་བོད་་ཐོག་ཟེར་བ་དེའང་དེ་ནས་ཡོང་བ་རེད། ཟོག་གི་ཁ་གྲངས་ཙམ་ལས་ཡི་གེར་འབྲི་རྒྱུ་ཅི་ཡང་ཡོད་པ་མ་རེད། ཡིག་ཐོག་ནས་སྦྱང་དགོས་བ་དེ་ནང་བསྟན་ཆོས་ལུགས་ཁོ་ན་ཆགས་པ་རེད། ཡི་གེ་ཤེས་མཁན་དེའང་གྲྭ་བ་ཁོ་ན་ཡིན་པས་ཁོ་ཚོས་ཆོས་ལུགས་ཁོ་ན་ལས་དམངས་ཚོགས་ལ་ཡི་གེའི་དགོས་མཁོ་ཡོད་མེད་མ་མཐོང་བ་རེད། ཡི་གེར་བེད་སྤྱོད་མེད་པས་ཁ་སྐད་དང་ལུང་སྐད་སོ་སོར་གྱེས་བ་རེད། སྤྱི་སྐད་བཟོ་ན་ཁ་སྐད་གི་ཁྱབས་ཆེ་ཆུང་དང་ཡི་གེར་ཐག་ཉེ་མིན་ལ་བལྟ་དགོས་བ་མ་རེད། དམངས་ཚོགས་དཀྱུས་མས་བེད་སྤྱོད་བྱེད་བཞིན་པའི་མིང་ཚིག་ཚང་མ་ཤེས་དགོས་བ་རེད། དེ་ཤེས་ན་ཁམས་པས་ཁམས་སྐད་ཤོད། ཨ་མདོ་བས་ཨམ་སྐད་ཤོད། ལྷ་ས་བས་ལྷ་སའི་སྐད་ཤོད། ཕན་ཚུན་ལ་གོ་བརྡ་འཕྲོད་ཀི་རེད། དེ་སྤྱི་སྐད་རེད། 

ངས་ཡང་བསྐྱར་ལབ་ཐུང་ཐུང་ཞིག་རྒྱག་གི་ཡིན། ང་རང་གི་སྟེང་ན་བོད་པའི་སྤྱི་སྐད་ཡོད། ང་རང་ཨམ་སྐད་བཤད་ནས་འཚར་བ་ཡིན་ཡང་ཁམས་སྐད་བཤད་ན་ངས་གོ་ཡི་ཡོད་ལ་དབུས་སྐད་བཤད་ནའང་གོ་ཡི་ཡོད། ཡིན་ནའང་ངས་བཤད་མི་ཤེས་ལ་ཤེས་དགོས་དོན་ཡང་མེད། ཨམ་སྐད་ནི་ཁམས་པ་དང་དབུས་བའི་སྦྱང་བྱ་ཡང་ཡིན་པས་སོ། 

ངས་ཐོག་མར་དབྱངས་བཞིའི་གདངས་འཐེན་སྟངས་དང་དེ་ནས་སྔོན་འཇུག་དང་རྗེས་འཇུག་གི་སྒྲའི་ཡངས་ལྕི་སོགས་སྦྱངས་བའི་ཞོར་ལ་ཁ་སྐད་ཐ་སྙད་དག་རེ་རེ་བཞིན་བཏུས་བ་ཡིན། བོད་ལ་སྤྱི་སྐད་ཅིག་དགོས་ན་བོད་པ་ཚང་མར་ལས་འགན་འདི་ཡོད་པ་རེད། ཡུལ་སྐད་གཞན་གཉིས་བཤད་མི་ཤེས་ནའང་གོ་དགོས་བ་རེད། དེ་ནི་སྤྱི་སྐད་ཀྱི་རྨང་གཞི་དང་པོ་རེད། གོམ་པ་དང་པོ་འདི་ལྟར་སྤོས་ན་དུས་རབས་གང་མཚམས་ཀྱི་རྗེས་ནས་རང་བཞིན་གྱིས་བོད་ལ་སྤྱི་སྐད་ཞིག་ཡོང་གི་རེད། དེ་མིན་གཙོ་ཕལ་གྱི་ཁྱད་པར་ཕྱེས་ནས་ཡུལ་སྐད་གཉིས་དོར་ནས་གཅིག་འཛིན་དགོས་བར་རྒྱུ་མཚན་དང་གནས་ལུགས་ཅི་ཙམ་བཀོད་ཀྱང་། མི་རབས་ནས་མི་རབས་ལ་བཤད་དེ་ཁ་ལ་གོམས་ཤིང་ངག་ལ་འཇམ་པའི་ཡུལ་སྐད་དེ་སུས་ཀྱང་འདོར་ཐུབ་ཀི་མ་རེད་ལ། ངས་ཀྱང་དེ་ལ་ལེགས་སོ་ཟེར་མི་ཐུབ། ཡང་མི་ལ་ལས་ཁ་སྐད་བཀོད་ན་ཡིག་སྐད་ལ་གནོད་པར་བཤད་མོད། ངས་དེ་ནི་རྒྱུ་མཚན་ཞིག་མ་རེད་འདོད་གི་ཡོད། ཁ་སྐད་དང་ཡིག་སྐད་གཉིས་ཡོད་ན་ཡོད་མཉམ་བྱེད་ཆོག་པས། གཅིག་ཡོད་ན་གཅིག་མེད་པ་བྱེད་དགོས་དོན་མི་འདུག སྔར་ཡོད་པའི་མིང་ཚིག་གི་སྟེང་ལ་མིང་ཚིག་གིས་སྣོན་པ་བརྒྱབས་པ་ཙམ་ལས། ཡིག་སྐད་ཀྱི་རྨང་གཞི་དེར་སྒྱུར་བཅོས་གང་ཡང་བྱས་མེད་པས་དེ་ལ་གནོད་དོན་མི་འདུག 

ཡག་མོ་གྲ་མོ་འགུ་དང་ཞེ་གི་སྲ་གི ཡག་པོ་ཞེ་དྲག་འདུག་སོགས་བོད་པའི་ངག་ལས་ཐོན་པའི་མིང་ཚིག་འདི་དག་བོད་སྐད་མ་རེད་ཅེས་སུས་ཀྱང་བཤད་མི་ཐུབ་པས། བོད་པ་རྣམ་དག་ཅིག་བྱེད་འདོད་ན་བོད་སྐད་ཆ་ཚང་ཤེས་དགོས་བ་རེད། འདི་དང་འདི་འདྲའི་ཁ་སྐད་ཚང་མ་ཚིག་མཛོད་དང་དག་ཡིག་སོགས་ཀྱི་ནང་ལ་བཅུག་ནས་འབྲི་སྲོལ་གཏན་འཁེལ་བྱེད་དགོས་བ་རེད། གཏན་འཁེལ་བྱས་ཚར་བའི་རྗེས་ལ་ཡག་མོ་གྲ་མོའམ་ཡག་མོ་དྲ་མོ་སོགས་གང་འདོད་ལྟར་འབྲི་བའི་ཐོབ་ཐང་ཡོད་བ་མ་རེད། དེ་ནི་ཚིག་མཛོད་ན་གཏན་འཁེལ་བྱས་ཡོད་པས་དེ་ལྟར་མ་བྲིས་ན་ཡིག་ནོར་རེད། འདི་ལྟར་འབད་པ་བྱས་ན་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ནའང་བོད་སྐད་ལ་མི་རྨོངས་བའི་བོད་པ་ཞིག་གིས་དོན་གོ་ཐུབ་ཀི་རེད། དཀའ་ངལ་ཡོད་པ་དེ་ཤེས་ཀི་ཡོད་ལ་དཀའ་ངལ་ལ་མ་འཕྲད་ན་མི་ཤེས་བ་དེའང་ཤེས་ཀི་ཡོད། ཨ་མདོའི་རྒད་པོ་ཞིག་རྒྱ་གར་ནས་ལོ་མང་པོར་བསྡད་ཀྱང་རྒྱ་གར་སྐད་མི་ཤེས་བའི་རྒྱུ་མཚན་ཅི་ཡིན་དྲིས་བར་ཁོས་ང་ལ་དཀའ་ངལ་མ་འཕྲད་པས་རེད་ཅེས་བ་རེད། གང་ལྟར་སྤྱི་སྐད་འཚོལ་ས་ན་སྐྱིད་པོ་སྐྱིད་པོ་དང་ལས་སླ་བོ་སླ་བོ་ཞིག་ཡོད་བ་མ་རེད། ང་ཚོའི་མི་རིགས་འདི་དཀའ་ངལ་ལ་མ་འཕྲད་ན་ཅི་ཡང་མི་ཤེས་བ་དང་དཀའ་ངལ་ལ་འཕྲད་ན་ཅི་ཡང་ཤེས་བའི་མི་རིགས་ལས་ངན་ཞིག་ཡིན་པའི་ཚོར་བ་བྱུང་། 
མདོར་བསྡུས་ནས་བཤད་ན་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ན་ཡིག་སྐད་ལ་གནོད་པར་བཤད་མཁན་དེ་ཚོ་རང་གི་སྐད་ཡིག་ལ་སེམས་ཁུར་དང་དེ་ལ་བསམ་བློ་བཏང་མྱོངས་བའི་མི་རྣམས་ཡིན་པས། བསམ་ཚུལ་མི་གཅིག་ནའང་ངས་ནམ་ཡང་ཁོ་ཚོར་གུས་བརྩི་བྱེད་ཀི་ཡོད་མོད། མི་ལ་ལས་རང་ངོས་ནས་དེ་ལ་བསམ་བློ་བཏང་མ་མྱོངས་བར། ཅིག་གིས་ཅིག་གསུངས་སོང་། ཁོ་མཁས་བ་རེད་ཅེས་དེ་རྒྱུ་མཚན་ལ་འགོད་ཀྱིན་འདུག་པས་མི་དེའི་རིགས་ལ་ངས་མི་ཤེས་ན་ཁ་ཚུམས་ཟེར་གི་ཡོད་ལ། ངའི་ཐོག་ན་བོད་ཀྱི་སྤྱི་སྐད་ཡོད་ཅེས་ཀྱང་བཤད་ཀི་ཡོད། 

  • loading
  • #3

    གློག་ཞགས། (Friday, 06 November 2009 16:39)

    ཡང་ཁྱོའི་པར་འདི་བརྐུས་བཏང་ང༌། ངས་ར་ཁྱིམ་ཚང་ཟིག་འདྲ་ཟིག་འཛིན་ཁ་ཡེད་ཀོད། འཁོར་བ་ཡིན་ན་འདི་བཟུང་ན་རྐུས་ཙ་གེ་ཙིག་གེ་མ་ཡེ་མི་བ་ཀི

  • #2

    ཟ་ལེ་རྒྱལ། (Friday, 23 October 2009 00:43)

    སྡུག་ལ་ཐུག་ན་ལབ་ར་རྒྱག་ན་འདོད་ཀི། ལབ་རྒྱག་མི་ཤེས་བའི་མི་རྣམས་ཀྱིས་བལྟས་ན་ལབ་བརྒྱབ་ནོ་ར་མི་ཤེས་ཡ།

  • #1

    གློག་ཞགས། (Thursday, 22 October 2009 20:45)

    དི་མོ་ལབ་བསོ་མོ། དི་མོ་ལབ་ཐག་ཉེ། ཞི་ལིའི་ཤ་གོ