ཞིང་པ་མེད་པའི་ཞིང་ས།

གངས་ཅན་པ་ཚོའི་བསོད་ནམས་ཀྱིས་མ་ཐེག་པའི་འཕགས་པའི་དགེ་འདུན་པ་ཞིག་ལ་ཁྱིམ་མཚེས་ཚང་གིས་ས་ཞིང་ལེབ་མོ་ཞིག་གཡར་ཏེ་དེ་རུ་གནས་བཅས་ནས་ལོ་ངོ་ལྔ་བཅུ་འགོར་ཡོད། ཁོང་གི་སྐུ་འཁོར་ན་འདྲེ་ལ་སྐྲག་ནས་བྲོས་ཡོང་བའི་མི་འགའ་ཡོད་ནའང་ཁོ་ཚོས་ནམ་ཡང་ལྷ་ལ་དད་ནས་ཡོང་བ་ཡིན་ཚུལ་བཤད་པ་ལས་འདྲེ་ལ་སྐྲག་ནས་ཡོང་བ་བཤད་ཀྱིན་མེད། གང་ལྟར་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལས་ལོ་ངོ་སུམ་ཅུ་ཙམ་རྨང་བཏང་བའི་ལོ་ཟླ་ཡིན་ལ་དེའི་འཕྲོ་ཡི་ལོ་ངོ་ཉི་ཤུ་ནི་ཡར་རྒྱས་ཀྱི་ལོ་ཟླ་ཡིན། འགྱུར་འགྲོས་ཀྱི་ངོས་ནས་བལྟས་ན་ད་ལྟ་ལོ་ན་བཞི་བཅུ་ནས་ལྔ་བཅུར་སོན་པ་དག་ལས་ལོ་ན་ཉི་ཤུ་ནས་སུམ་ཅུར་སོན་པ་དག་མཁས་བའི་སར་བསླེབ་དགོས། དེ་ཡང་ལོ་ངོ་བཞི་ཅུ་ནས་ལྔ་བཅུར་ལོན་པ་དག་གི་བྱིས་དུས་དེ་སློབ་སྦྱོང་གི་གོ་སྐབས་ཤོར་བའི་བྱིས་བ་དང་ཡང་ན་སློབ་གྲྭར་སོང་ཡང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་ཤོས་དེར་སོང་བ་རེད། དེ་ལས་ལྡོག་ཏེ་ད་ལྟ་ལོ་ན་ཉི་ཤུ་ནས་སུམ་ཅུར་སོན་པ་དག་ནི་གཞུང་སྒེར་གཉིས་ཀས་ལོ་ངོ་སུམ་ཅུའི་རིང་ལ་མུག་བསགས་བྱས་བའི་སྒོར་མོ་དག་བེད་སྤྱད་ཀྱིས་སློབ་གྲྭར་སོང་ཡོད་པས་དེ་ཚོར་དེ་ཚོད་ཀྱི་ཤེས་ཡོན་ཡང་ཡོད་དགོས་ལ་དེ་ནི་སྤྱི་འགྲོས་ཤིག་ཀྱང་རེད།

མི་ཚང་མའི་བཤད་ཚུལ་མི་གཅིག་ནའང་ལ་ལས་བཤད་ན་གདན་ས་གསུམ་གྱིས་མཚོན་པའི་གྲྭ་ས་དག་ན་མང་ཤོས་སྟོད་འགག་སེར་བོ་གོང་མཁན་ཡིན་ཟེར། སྟོད་འགག་གི་ཁ་དོག་ནི་ཤེས་ཡོན་པའི་ཚད་འཇལ་སྟངས་ཤིག་རེད། ཤེས་ཡོན་པ་དེ་དག་གི་ནང་ན་ཚགས་པར་ཀློག་མི་ཤེས་བའི་ཤེས་ཡོན་པའང་ཡོད་པར་བཤད་མོད། དེ་ནི་ཐུན་མོང་མ་ཡིན་པའི་རིག་གནས་སྦྱངས་བའི་ཤེས་ཡོན་པ་ཡིན་ལ་ཐུན་མོང་མ་ཡིན་པའི་མཁས་བའང་ཡིན་པས་ཚགས་པར་ཀློག་ཤེས་མིན་ལ་འབྲེལ་བ་མེད་ཟེར།  དེ་ནི་ཐུན་མོང་བའི་མཁས་བ་དང་ཐུན་མོང་མ་ཡིན་པའི་མཁས་བའི་ཁྱད་པར་རེད།

ཁྱིམ་མཚེས་ཚང་གིས་གཡར་བའི་ས་ཆ་དེ་ནི་རིག་གནས་ཆེ་ཆུང་བཅུའི་མེ་ཏོག་གད་མྱོང་བའི་ས་ཞིང་གཤིན་པོ་ཞིག་ཡིན་རབས་བཤད་མོད། ས་ཆ་འདི་ན་ད་དུང་ས་སྟོང་འགའ་ལྷག་ཡོད་པ་ནི་ཐུན་མོང་རིག་གནས་ཀྱི་ས་ཆ་དེ་དག་ཡིན། ཡིན་ཡང་མི་སུས་ཀྱང་ཨ་ཁུའི་འཆར་གཞི་བཞིན་དེ་ལ་དོ་སྣང་བྱ་མྱོང་མེད། བརྒྱད་ཅུ་གྱ་དགུ་ལོ་ནི་ཨ་ཁུ་དགེ་འདུན་འཕགས་པ་ཚང་གིས་ས་ཆ་འདིར་གནས་བཅས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་དེ་ཡིན། ལོ་དེར་ཨ་ཁུ་ཁོང་ལ་འཛམ་གླིང་གི་ཆེས་ཤིན་ཏུ་དཀོན་པའི་བྱ་དགའ་དེ་ཐོབས། སྐབས་དེར་ཨ་ཁུ་ཁོང་ལ་མཉམ་སྣང་ཅི་ཡང་མ་ཤར་ནའང་ཁོང་ཚང་གི་བུ་གུ་ཚོས་ས་ལྡིང་གནམ་ལྡིང་བྱས་ནས་ཨ་ཁུའི་ཡོན་ཏན་དེ་ཁོ་ཚོ་ཚང་མའི་ཡིན་པ་ལྟར་བྱས་མྱོང་ལ། དུས་དེ་ནས་བཟུང་ཨ་ཁུའི་ཡོན་ཏན་གྱིས་ཁོ་ཚོའི་ཡིད་ཚིམས་ནས་དཀོན་མཆོག་གསུམ་དང་ལྷག་པར་དུ་དགེ་འདུན་དཀོན་མཆོག་ལ་གསོལ་བ་ཁོ་ན་བཏབས་ནས་བསྡད།

དེ་ལྟར་ལོ་ངོ་ལྔ་བཅུ་འགོར་བའི་དེ་རིང་ཨ་ཁུས་ཞིང་ས་སྟོང་བ་དེ་དག་ལ་བདག་གཉེར་བྱེད་དགོས་བའི་འབོད་སྐུལ་བྱས་བ་བཞིན་མཉམ་ཞིབ་པ་འགའ་གཟིགས་སྐོར་ལ་ཡོང་། ཞིང་ས་ལ་ལ་བ་ལང་དང་ར་ལུག་གི་བཞུར་ལམ་ལྟ་བུར་གྱུར་འདུག་ལ། ཅུང་ཙམ་མ་འདྲ་བ་ཞིག་ལ་རྩོམ་རིག་གི་ཞིང་ས་རུ་རྩྭ་ལྡུམ་སྐྱེས་བའི་སྲུབ་ལ་གསར་འབྱོར་བ་འགས་གནས་བཅས་ཏེ་ཟེའུ་འབྲི་མེད་པའི་མེ་ཏོག་ཁ་ཤས་ཁོ་ཚོའི་རྒྱན་དུ་ངོམ་བཞིན་གོར་སྐྱ་དང་རྩམ་སྐྱའི་ཡིད་མ་ཚིམས་པའི་མེད་མུག་འུར་འདོན་བཞིན་པ་དེ་རེད། ཡིན་ནའང་གཟིགས་ཞིབ་པ་དག་ལ་རྒྱུན་ལྡན་གྱི་སྣང་ཚུལ་ཙམ་ལས་དེ་ལ་ཡ་མཚར་བའི་སྣང་བ་ཅི་ཡང་སྐྱེས་མེད།  ངས་འདི་རུ་གསར་རྙིང་གི་སྐད་ཆ་བཤད་འདོད་པ་མིན་མོད། རྩོམ་རིག་གི་ཞིང་ས་ན་ད་ལྟ་ལོ་ན་སོན་པའི་གཞིས་སྐྱེས་རྩོམ་པ་བོ་རེ་འགའ་ལས་མེད་ལ་ཁ་ཤས་ཡོད་པ་ཚོར་ཡང་སྐད་སྒྱུར་བ་རེ་དགོས། གལ་ཏེ་ ལོ་ངོ་ལྔ་བཅུའི་རིང་གི་རྩོམ་རིག་གི་ས་རིན་དང་ཆུ་རིན་སྟེར་དགོས་ཚེ་ཡང་བསྐྱར་ཨ་ཁུའི་གསུང་ཆོས་དག་དྲུད་ཡོང་ནས་སྟེར་དགོས་བ་ལས་རྩོམ་པ་བོ་འབོད་པ་དག་ལ་སྟོན་འོས་བ་ཅི་ཡང་མེད་ལ་སྒྱུ་རྩལ་རྩོམ་རིག་གི་སྐོར་ནས་དེ་བས་ཀྱང་མེད།

མི་རིགས་ཀྱི་ལ་རྒྱ་བཤད་སྐབས་ལོག་ལོག་ཅིག་ཡིན་ལ་རིག་གནས་ཀྱི་རིན་ཐང་བརྗོད་སྐབས་སྦོམ་པོ་ཞིག་ཡིན་པའི་མི་བུ་དེ་དག། སྒྱུ་རྩལ་རྩོམ་པ་བོ་དག་གི་མིག་ལམ་ལ་ལྷ་ཁང་ནང་ན་ཁ་བཏགས་ཀྱིས་བཏུམ་ཞིང་བྱིན་རླབས་ཀྱིས་སྟོང་བའི་འབག་སྐུ་འགའ་ཞིག་ཡིན། ཡིན་ནའང་ཅུང་ཙམ་མི་འདྲ་ས་ནི་ཕྱག་འཚལ་མཁན་མེད་པ་དེ་ཡིན།

སྣང་ཚུལ་དེས་དྲངས་བའི་བསམ་གཞིགས་གཞན་ཞིག་ནི་བྱིན་རླབས་ཅན་གྱི་འབག་སྐུ་ལ་ལྷ་ཁང་བཞེངས་ན་འོས་སམ་བཟོ་བཀོད་མཛེས་བའི་ལྷ་ཁང་ལ་འབག་སྐུ་བཞེངས་ན་འོས་ཞེས་བ་དེ་ཡིན།

   ༼འདི་ནི་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནས་གྲོགས་པོ་ཞིག་ལ་ཁ་བརྡ་བྱས་བ་དྲན་འཆར་དུ་བཀོད་པ་ཡིན༽

འདོན་སྤེལ།: ༢༠༡༠/༠༨/༣༠

 

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།