མི་ལ་རིགས་ཀྱི་བཟང་ངན་དང་གཙང་རྩོག་གི་ཁྱད་པར་མེད།
གཅིག
ངས་ནམ་ཡང་ཁས་ལེན་བྱེད་མི་འདོད་པ་ནི་རིགས་ཀྱི་བཟང་ངན་དང་མིའི་གཙང་རྩོག་ཞེས་བ་དེ་ཡིན།
བོད་ཀྱི་ཁ་དཔེར་གཡང་དཀར་ལུག་གི་མ་གཙོ། མགོ་ནག་མྱིའི་ཕ་གཙོ་ཟེར། འདིས་མིའི་རིགས་རྒྱུད་འདེད་ན་ཨ་ཕའི་ཕྱོགས་ནས་འདེད་དགོས་བར་བསྟན་ཡོད་ལ།
ཕྱི་རྒྱལ་མགོ་སེར་ཚོའི་ཁྱིམ་མིང་དེའང་རང་གི་ཕའི་མིང་ནས་རྒྱུན་སྐྱོང་གི་ཡོད། ཡིན་ན་ཡང་ཧྥ་རན་སིའི་སྙན་ངག་པ་ཞིག་གིས་འཇིག་རྟེན་འདིའི་ཡོད་ཚད་རྫུན་མ་ཡིན་མོད། རྫུན་མ་མིན་པ་གཅིག་ཡོད་པ་ནི་ཨ་མ་ཁོ་ན་ཡིན་ཟེར།
དེས་བསྟན་དོན་ནི་རིགས་རྒྱུད་འདེད་ནའང་ཚན་རིག་གིས་འདེད་རྒྱུ་ལས་ཨ་ཕའི་མིང་སོགས་གཞན་ཅི་ཡང་མེད་པ་བཤད་ཡོད།
བོད་ཀྱི་ཡུལ་གྱི་ཡབ་ཀྱི་ཐོག་མ་དེ།།
སྟོད་ཀྱི་ཕྱོགས་ཀྱི་ནགས་ཀྱི་སྤྲེའུ་རེད།། ཞེས་བ་འདིས་ང་ཚོ་བོད་པ་ཚང་མ་རིགས་གཙང་ན་གཙང་མཉམ་དང་མི་གཙང་ནའང་དེ་མཉམ་ཡིན་དགོས་མོད། སྔོན་མའི་སྐུ་དྲག་ལམ་ལུགས་དེས་ལྷ་སའི་ཕྱོམས་ནས་མི་ལ་གྲལ་རིམ་གྱི་ཁྱད་པར་དང་།
རིགས་ཀྱི་བཟང་ངན་གྱི་ཁྱད་པར། དེ་ལ་གཙང་རྩོག་གི་དབྱེ་བ་བཅས་ཕྱེས་ཡོད། དེའང་མདོར་བསྡུས་ནས་བཤད་ན་ནང་བསྟན་ཆོས་ལུགས་དང་མཉམ་དུ་བོད་ཀྱི་ལོ་ཙྭ་བ་ཚོས་རྒྱ་གར་ནས་དྲུད་ཡོང་བ་ཞིག་ཡིན་པར་འདོད་དེ།
སྔར་རྒྱ་གར་གྱི་མིའི་རིགས་རིམ་པ་བཞི་སྟེ། བྲམ་ཟེའི་རིགས་དང་། རྗེའི་རིགས། རྒྱལ་རིགས། དམངས་རིགས་སམ་གདོལ་རིགས་རྣམས་བྱུང་སྟེ། རིགས་སོ་སོའི་བར་གྱི་དབྱེ་མཚམས་ཧ་ཅང་གསལ་བས་ཕན་ཚུན་བར་མཉམ་དུ་བཟའ་དུང་དང་།
འགྲོ་འོང་། སྡོད་གནས། གཉེན་སྒྲིག་སོགས་བྱེད་མི་ཆོག་པ་དང་རིགས་འོག་མའི་མི་རྣམས་ཀྱིས་རིགས་གོང་མའི་ལས་ཀ་དོན་གཉེར་བྱས་མི་ཆོག་པ་རེད།
ང་ཚོ་བོད་ལའང་རིགས་འདིའི་དྲི་མ་འགོས་ནས་སྐུ་དྲག་གི་རིགས་དང་དམངས་ཚོགས་དཀྱིས་མའི་རིགས་གཉིས་སྔོན་མ་མངོན་གསལ་གྱིས་ཡོད་ནའང་།
ད་ལྟ་ཤེས་ཡོན་དང་དམངས་གཙོའི་ཤུགས་ཇེ་ཆེར་གྱུར་ནས་གསལ་ལ་མི་གསལ་བའི་ངོ་བོར་གནས་ཡོད། དེ་ལྟ་ནའང་། ད་དུང་ལྷ་སའི་ཕྱོགས་དང་། སྤི་ཏིའི་ཡུལ།
ཨ་མདོའི་ས་ཆ་ལ་ལ་བཅས་ཀྱི་རྨོངས་སེམས་ན་ད་དུང་ཡལ་མ་ཐུབ་པར་རྣམ་རྟོག་གིས་དམ་དུ་བཟུང་ཡོད་པ་ནི། མགར་པ་དང་ཤན་པ་ཟེར་བའི་རིགས་ཀྱི་དབྱེ་བ་དེ་རེད།
ངས་དང་ཐོག་ལྷ་ས་ནས་རིགས་ཀྱི་དབྱེ་བ་འདི་མཐོང་དུས་ཐད་ཀར་ཡིད་ལ་ཤར་བ་ནི་རང་གིས་དཔེ་དེབ་དག་ལས་སྦྱངས་བའི་རྒྱ་གར་གྱི་མིའི་རིགས་བཞི་དེ་ཡིན་ལ།
ངས་ཕ་ཡུལ་ན་རིགས་ཀྱི་དབྱེ་བ་འདི་འདྲ་མེད་པས་ང་རང་དེ་ལ་ཡ་མཚན་ཅུང་ཙམ་སྐྱེས།
ཕྱིས་སུ་ལྷ་ས་ནས་ཡིན་པའི་རང་གི་གྲོགས་པོ་གྲོགས་མོ་འགར་འདྲིས་ལོབས་སུ་སོང་ནས་དེའི་སྐོར་ལ་སྐད་ཆ་དྲིས་བར་ལྷ་ས་ན་རིགས་ཀྱི་དབྱེ་བ་འདི་མངོན་གསལ་དོད་པོ་རེད།
མགར་བ་དང་ཤན་པའི་རིགས་ལ་ཕན་ཚུན་བར་མཉམ་དུ་བཟའ་བཏུང་དང་། འགྲོ་འོང་། སྡོད་གནས། གཉེན་སྒྲིག་སོགས་བྱེད་མི་ཆོག་པ་མ་ཟད། ཅ་ལག་སྤྲོད་སྐབས་ལག་པའི་ནང་ལ་ལག་པས་མི་འཇོག་པར།
ཁྱི་དང་ཕག་ལ་ལྟོ་སྟེར་བའི་ཚུལ་དུ་མདུན་གྱི་ས་ངོས་སུ་འཇོག་པ། མགར་བ་དང་ཤན་པའི་རིགས་ཀྱི་གྲིབ་མ་རང་གི་ལུས་སྟེང་ལ་ཕོག་ཚེ་རྣམ་རྟོག་བྱེད་པ་སོགས་བྱེད་ལ། ཕ་རོལ་བས་ཀྱས་རིགས་ཀྱི་ཆ་ནས་དེ་ལ་ངོས་ལེན་བྱེད་ཀྱིན་འདུག
ཁྱི་དང་ཞི་མི་རང་གི་བང་དུ་བཟུང་ནས། ཁྱི་ལགས། ཞི་མི་ལགས། ཞལ་ལག་མཆོད་ཟེར་བཞིན་མིས་མི་ལ་འདི་འདྲའི་མཐོང་ཆུང་བྱེད་ཐུབ་པ་དང་ཕ་རོལ་བས་ཀྱང་དེ་ལ་ངོས་ལེན་བྱེད་ཐུབ་པ་འདིར་བལྟས་ན།
བཙན་ཡ་མེད་ཅིག་གིས་མི་ལ་ཐུབ་ཚོད་ཡ་མེད་ཅིག་བཏང་ནས་ངོས་ལེན་བྱེད་དུ་བཅུག་པ་མ་ཟད་རྒྱུན་ཆགས་སུ་སོང་བའི་ཐུབ་ཚོད་ཅིག་ཡིན་པའང་སུས་བལྟས་ཀྱང་གསལ་བོ་རེད། ཡིན་ནའང་དེའི་གནས་ལུགས་དང་རྒྱུ་མཚན་དྲིས་བར།
ཤན་པས་ཟོག་གསོད་ཀི་ཡོད་པ་དང་མགར་བས་བརྡུང་བའི་གྲི་དེ་ཟོག་གསོད་བྱེད་ཀྱི་ལག་ཆ་ཡིན་པས་དེ་ཚོ་སྡིགས་པ་ཆེན་པོ་རེད་ཟེར། ངས་ཁྱོད་ཚོའི་ནང་ལ་གྲི་ཡོད་དམ།
ཁྱོད་ཚོས་ཤ་ཟ་ཡི་ཡོད་དམ་ཞེས་བར་ང་ཚོས་ཤ་ཟ་ཡི་ཡོད་ལ་ནང་ན་གྲི་ཡང་ཡོད། ཡིན་ནའང་ང་ཚོས་གྲིས་སེམས་ཅན་གསོད་ཀི་མ་རེད། ཤ་དགོས་དུས་ཤན་པ་སྐད་བཏང་ནས་གན་སོད་འདི་སོད་ཅེས་གསོད་དུ་འཇུག་གི་རེད་ཟེར།
ངས་ཁོ་ཚོར་རྩེས་མོ་རྩེས་ཏེ་གལ་ཏེ་མགར་བའི་གྲི་དང་ཤན་པ་གཉིས་མེད་ཚེ་ཁྱོད་ཚོར་ཤ་ཟ་འདོད་སྐྱེས་ན་སྤྱང་གིས་ཤ་ཟ་སྟངས་བྱེད་ཀི་ཡིན་ནམ་ཞེས་བ་ཡིན།
གཞན་ང་རང་སྦིར་སློབ་གྲྭར་ཡོད་དུས་བུ་མོ་མཛེས་མ་གཉིས་རྒྱུན་དུ་མཉམ་འགྲོ་མཉམ་འདུག་བྱེད་པ་ལས་མི་གཞན་ལ་འབྲེལ་འདྲིས་མི་བྱེད་པར་དོ་སྣང་བྱུང་ནས་གཞན་ལ་སྐད་ཆ་དྲིས་བར།
ཁོ་གཉིས་རིགས་ངན་པ་ཡིན་པས་རང་སར་བསྡད་པ་རེད་ཟེར་ལ། ལྷ་ས་ནས་ཡིན་པའི་སློབ་ཕྲུག་ཅིག་གིས་ནོར་གླིང་ནས་ལྷ་བཟོའི་ལག་ཤེས་སྦྱང་སྐབས་ཕ་ཡུལ་ལ་ཡི་གེ་བསྐུར་ནས་རང་གི་གནས་སྟངས་གསལ་བཤད་བྱས་བར།
ཁྱོད་ཀྱིས་ང་ཚོའི་རིགས་རྒྱུད་འཕྲོ་བརླག་ལ་བཏང་ཟིན་པས་ཕྱིས་སུ་ནང་ལ་ཡོང་མི་ཆོག་ཅེས་ཡིག་ལན་འབྱོར་བའི་སྐད་ཆ་དངོས་སུ་གོ།
སྡིགས་སྦྱང་དགེ་སྒྲུབ་གྱི་ལྟ་བའི་སྟེང་ནས་གྲུབ་པའི་ཡ་རབས་ཀྱི་གཤིས་ཀ་ཡིན་ཚུལ་གྱིས། རང་ལ་གྲི་ཡོད་བཞིན་དུ། རང་གིས་ཟོག་གསོད་དུ་འཇུག་གི་ཡོད་བཞིན་དུ།
མགར་བ་དང་ཤན་པ་ཞེས་རིགས་ཀྱི་དབྱེ་བ་ཆོ་མེད་ཞིག་བཀར་ཏེ་མིས་མི་ལ་ཁྱི་དང་ཕག་ལས་ཀྱང་དམན་པའི་མཐོང་ཆུང་དང་ཁྱད་གསོད་བྱེད་པ་འདི་འདྲ།
ནང་ཆོས་ལ་ཧ་ཅང་དད་ཅིང་སྡིགས་པ་ལ་ཤིན་ཏུ་སྐྲག་པའི་མི་རིགས་ཞིག་གི་བྱེད་སྟངས་རེད་དམ།
གཉིས།
ཨ་མདོའི་ཡུལ་ན་རིགས་ཀྱི་དབྱེ་བ་འདི་འདྲ་ཕལ་ཆེར་མེད་པ་འདྲ་མོད། ཡིན་ནའང་མྱི་ལ་གཙང་རྩོག་གི་དབྱེ་བ་བཀར་བའི་སྣང་ཚུལ་གཞན་ཞིག་ཡོད། དེ་ནི་སྲུང་མའི་ཆ་ནས་བཀར་བ་ཞིག་དང་།
ལུས་ཀྱི་དྲི་མའི་ཆ་ནས་བཀར་བ་གཉིས་ཡོད་ལ་མཐར་དེད་ན་དེ་ལའང་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད།
ངའི་ཕ་ཡུལ་ན་སྲུང་མ་དཔའ་ལྡན་ལྷ་མོ་དང་། གནས་ཆུང་འཕྲིན་ལས་རྒྱལ་བོ། ཐེའུ་རིང་རྐང་གཅིག། ཁྱི་མོ་དམར་མོ་སོགས་ཡོད་ལ།
འདི་དག་ལས་སྲུང་མ་དཔལ་ལྡན་ལྷ་མོ་བརྟེན་མཁན་ཚོ་གཙང་མ་དང་སྲུང་མ་གཞན་དག་རྟེན་མཁན་ཚང་མ་མི་གཙང་བའི་གྲས་སུ་འཇོག གཉེན་སྒྲིག་བྱེད་དུས་སྲུང་མ་གཅིག་མིན་ལ་ཤིན་ཏུ་དོ་སྣང་བྱེད།
བཤད་ཚུལ་ལྟར་ན་གལ་ཏེ་སྲུང་མ་མ་གཅིག་ཚེ་ལྷ་འཁྲུག་གི་དབང་གིས་ཁྱིམ་ཚང་དེར་ལྷས་གནོད་པ་ཆེན་པོ་ཡོང་ངེས་རེད་ཟེར།
ལྷ་འཁྲུག་ཞེས་བའི་དོན་ནི་སྲུང་མ་གཉིས་ཀྱིས་རང་རང་གི་ཕྱོགས་གཏོགས་རྣམས་གཞན་གྱི་ཕྱོགས་སུ་རང་འདོད་ཀྱིས་འགྲོ་རུ་འཇུག་མ་འདོད་པར་བཙན་བཙུག་པ་ཞིག་ལ་ཟེར།
གཞན་ཡང་སྲུང་མ་ལྷ་མོ་ཅན་ཞིག་གིས་བུ་མོ་ཐེའུ་རིང་རྟེན་མཁན་ཞིག་ལ་གཉེན་སྒྲིག་ཚེ་མི་དེའི་མི་ཚེ་རྩོག་པ་ཆགས་པ་མ་ཟད་དེའི་བུ་ཕྲུག་དག་ཀྱང་རྩོག་པ་ཆགས་པ་རེད།
ཡིན་ཡང་དེ་ལས་ལྡོག་ཏེ་སྲུང་མ་ཐེའུ་རིང་ཅན་ཞིག་གིས་བུ་མོ་ལྷ་མོ་རྟེན་མཁན་ཞིག་ལ་གཉེན་སྒྲིག་ཚེ་ཁོང་གི་མི་ཚེ་དང་ཁོའི་བུ་ཕྲུག་རྣམས་ཇེ་གཙང་ལ་བཏང་ཡོད་པར་བཤད།
འདི་ནི་ལྷའི་གནོད་པའི་སྟེང་ལ་མིའི་ལྟ་ཚུལ་བསྣན་ཏེ་གཉའ་གནོན་བྱས་བ་ཙམ་ལས་མི་ལ་དོན་གྱིས་གཙང་རྩོག་གི་ཁྱད་པར་ཤོར་བ་ཅི་ཡང་མེད།
འདི་དག་ཚང་མ་མིའི་ཤེས་འཇོན་གྱི་ཐོག་ནས་བལྟས་བ་མིན་པར་བཤད་རྒྱུན་ཞིག་གི་རྗེས་དེད་དེ་ མི་མཐོང་པའི་ནམ་མཁའི་དབྱིངས་ན་བཞུགས་པའི་ལྷའམ་སྲུང་མ་གང་ཞིག་གིས་མི་ཡུལ་ལ་དབང་སྒྱུར་བྱེད་པའི་འཇིགས་སྣང་དེ་དང་དེའི་དབང་ཤུགས་ཚད་པས་རེད།
གལ་ཏེ་གནས་ལུགས་འདི་དག་བདེན་པའི་དབང་དུ་བཏང་ན་ལྷ་སྲུང་དེ་དག་ལ་ད་ལྟའི་མི་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་དག་གི་སེམས་ཁམས་ཙམ་ཡང་མི་འདུག་པར།
རང་ཉིད་ཀྱི་ཕྱོགས་གཏོགས་ཚོར་དབང་སྒྱུར་དང་ཐུབ་ཚོད་བྱས་པ་ལྟ་བུ་ལས་ཅི་ཡང་མ་མཐོང་།
ལུས་ཀྱི་དྲི་མའི་ཆ་ནས་བཤད་ན་མི་ཚང་མར་གསེབ་དྲི་དང་། ཁ་དྲི། རྐང་དྲི་གསུམ་གྱི་གང་རུང་ཞིག་རང་བཞིན་གྱིས་ཡོད་པར་བཤད། དེའང་བཤད་ཚུལ་ཙམ་རེད།
གང་ལྟར་ཁ་དྲི་དང་རྐང་དྲི་ལ་རྒྱུན་ལྡན་གྱི་ལྟ་ཚུལ་འཛིན་ལ་དེ་ནི་མིའི་ལྟ་སྤྱོད་དང་མཐུན་མོད།
གསེབ་དྲི་བྲོ་བའམ་དངོས་སུ་མི་བྲོ་ནའང་དེའི་ཁྱིད་རྒྱུད་དམ་མི་རྒྱུད་ལ་གསེབ་དྲི་བྲོ་བའི་ལོ་རྒྱུས་སམ་བཤད་རྒྱུན་ཞིག་ཡོད་ཚེ། མི་དེའི་རིགས་རྒྱུད་དུ་སྐྱེས་བ་ཚང་མ་མི་གཙང་བའི་མི་རེད།
མི་འདི་དག་གི་མི་ཚེ་དང་དེའི་བརྩེ་དུང་གི་ལམ་ཁ་དེ་བཤད་རྒྱུན་དང་རྨོངས་སེམས་ཀྱི་ལྟ་སྟངས་ཞིག་གིས་ཡོངས་སུ་བཀག་ཡོད།
དྲི་མ་ཞིག་བྲོ་བའམ་དེ་འདྲའི་བཤད་རྒྱུན་ཞིག་གི་རྗེས་དེད་ནས་མི་ཞིག་ལ་གཙང་རྩོག་གི་ཁྱད་པར་བཞག་པ་དེས། མི་རིགས་ཞིག་གི་ཤེས་ཡོན་གྱི་གོམ་པ་ཅི་ཙམ་སྤོས་ཡོད་པ་གསལ་བོར་མཚོན་ཐུབ་པ་ཞིག་མ་རེད་དམ།

