ཟ་ལེ་རྒྱལ་གྱི་ཟིན་བྲིས།

ལུང་ལ་རྒས་རྒྱུ་ཡོད་ལ་འཆི་རྒྱུའང་ཡོད།

ལུང་ལ་རྒས་རྒྱུ་ཡོད་ལ་འཆི་རྒྱུའང་ཡོད། ལུང་འཛིན་པ་ཚོས་རང་ཉིད་ངོ་མ་དེ་ངོས་མ་ཟིན་པར་ནམ་ཡིན་ཡང་སུ་ཞིག་གི་གྲིབ་གཟུགས་ལ་འཐམ་སྟེ་ཤེས་ཡོན་པའི་གྲས་ལ་འཚང་ཁ་རྒྱག། ངས་ལུང་འཛིན་པ་འདི་དག་མཐོན་ཐེངས་རེར་རང་ཉིད་ཀྱི་བྱིས་དུས་དྲན། ང་རང་ཆུང་ཆུང་ཡིན་དུས་རང་གིས་མ་ཤེས་བ་དེ་ཕ་མ་གཉིས་ལ་དྲིས་ནས་བདེན་རྫུན་གྱི་དབྱེ་བ་བཀར་བ་ཡིན་ལ་གནས་ལུགས་དང་རྒྱུ་མཚན་གྱི་ཁུངས་གཏུགས་སའམ་ལུང་གི་རྒྱབ་རྟེན་ཡོད་ན་མེད་ན་དེ་ཡང་རང་གི་ཕ་མ་གཉིས་ཡིན། ཕྱིས་སུ་སློབ་གྲྭ་འགྲིམ་བཞིན་རང་གི་ཀླད་པའི་འཁོར་སྐྱོད་ལ་རང་གིས་དམ་འཛིན་བྱེད་རྒྱུར་གོམས་འདྲིས་བརྟེན་ནས་ལུང་གི་རིམ་པ་དང་པོ་དེ་རང་གིས་བཙལ་བའི་རིགས་པས་དག་ཐེར་བྱས་བ་ཡིན་ལ། འདི་ནི་ང་དང་ང་འདྲའི་ཡིག་རྨོངས་བའི་ཁྱིམ་རྒྱུད་ནས་སྐྱེས་བའི་མི་ཚང་མའི་ཀླད་པའི་འཕེལ་རིམ་དང་ལུང་གི་རྫོགས་རིམ་དེ་ཡིན་པར་འདོད། མི་ལ་ལས་དུས་རབ་ཉེར་གཅིག་ཉེར་གཅིག་པའི་ནང་ལ་ད་དུང་དུས་རབ་བཅུ་གསུམ་པའི་དཀྱིལ་ལ་འཁྲུངས་བའི་རྗེ་ཙོང་ཁ་བའི་ལུང་ལ་འཐམ་ནས་རང་ཉིད་ལ་ཐོས་རྒྱ་དང་མཐོང་རྒྱ་ཆེ་མདོག་སྟོན་པ་འདིར་ཕྱོགས་གཉིས་ནས་བལྟས་ན་ཆོག་པར་འདོད། གཅིག་ནས་རྗེ་རིན་པོ་ཆེའི་མཁྱེན་པའི་རྩལ་ལ་དོ་ཟླ་བྲལ་ཞེས་བཤད་ཆོག་མོད། གཉིས་ནས། ཤེས་བྱ་ལ་མཐའ་མེད་པར་འདོད་པ་དང་ཐམས་ཅད་མཁྱེན་པ་ཡོད་པར་འདོད་པ་དེས་མིའི་རིག་སྟོབས་ལའང་མཐའ་མེད་པར་བསྟན་ཡོད་པས། རྗེ་རིན་པོ་ཆེའི་ལུང་འཛིན་པ་ཚོས་རང་གི་ཀླད་པའི་འགུལ་སྐྱོད་དང་རིག་པའི་ཚོར་ཤེས་དེ་བེད་སྤྱོད་ཡོད་ཚད་གཏོང་མ་ཐུབ་པ་དེ་ནས་གསལ་བོར་བསྟན་ཡོད་ལ། གཞན་གྱི་ལུང་འཛིན་པ་དག་ཡང་དེ་བཞིན་ཡིན། ངས་ཆོས་ལུགས་ལ་སྦྱང་བ་བྱས་མ་མྱོངས་པས་རྗེ་རིན་པོ་ཆེས་མཚོན་པའི་སྔོན་བྱོན་མཁས་པ་དམ་པ་དག་ལ་མིའི་ལྟ་སྟངས་བཟུང་ནས་སྐད་ཆ་བཤད་ཀི་ཡོད་པ་ལས། ཁོ་ལྷ་རེད། ང་མྱི་ཡིན་ཞེས་ང་ཁོང་དང་འགྲན་མི་ཕོད་པའམ་འགྲན་མི་དགོས་བའི་གནས་ལུགས་ཀུ་ཡངས་ཅན་དེ་འཚོལ་གི་མེད། དུས་རབ་བཅུ་དགུ་པའི་ནང་མོའོ་ཙེ་ཏུང་གཙོས་རྒྱ་ནག་དམར་ཕྱོགས་པ་ཚོས་མ་ལེ་རིང་ལུགས་རིན་ཆེན་ཡིན། རིག་གནས་མེད་ན་སློབ་མི་ཐུབ་ཞེས་འུར་བརྒྱབས་ནའང་ཁ་སང་དེ་རིང་འུར་མགོ་ཇེ་དམའ་རུ་སོང་ནས་རང་ཉིད་ཀྱི་ཕྱོགས་སུ་གོམ་པ་སྤོ་མགོ་ཚུགས་པ་འདིས་ལུང་འཛིན་རིང་ལུགས་པའི་ཁྱུ་ཚོགས་ཅིག་གིས་ཀླད་པའི་འཁོར་སྐྱོད་དང་རིག་པའི་ནུས་སྟོབས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་བསྟན་ཡོད། གལ་ཏེ་མ་ཁེ་སི་དང་ལེ་ཉིན། མོའོ་ཙེ་ཏུང་སོགས་ད་དུང་འཇིག་རྟེན་འདིར་ཡོད་ཚེ་ཁོ་ཚོའི་སྐད་ཆར་ཁོ་ཚོས་བཟོ་བཅོས་བརྒྱབས་ཏེ་དམར་ཕྱོགས་པའི་ལུང་ཚིག་མང་པོ་ཞིག་ཁོ་ཚོས་མེད་པར་བྱས་ཡོད་པ་ངས་བལྟས་ཀྱང་གསལ་བོ་རེད། ཁ་སང་དུས་བབ་ཟིན་བྲིས་ན་བླ་རྒན་འགས་ཨ་ལགས་ཚེ་ཏན་ཞབའ་དྲུང་དང་། ཨ་ལགས་དམུ་དགེ་བསམ་གཏན་སོགས་ཀྱི་གསུང་དུམ་རེ་དྲུད་ཡོང་ནས། ཟ་ལེ་རྒྱལ་སོགས་ཀྱིས་འདི་ལ་ངོས་ལེན་བྱེད་དགོས། འདི་ནི་མཁས་བའི་གསུང་རེད་ཅེས་ཨུ་ཚུགས་བྱེད་ཀྱིན་འདུག དྲང་མོར་བཤད་ན་ཨ་ལགས་ཚེ་ཏན་ཞབས་དྲུང་དང་། ཨ་ལགས་དམུ་དགེ་བསམ་གཏན་སོགས་ནི་མཁས་བ་ཡིན་པ་བདེན་པ་རེད་མོད། ཁོ་ཚོ་དཔེ་ཀློག་ལ་བརྟེན་པའི་མཁས་བ་ཡིན་པ་ལས་ཁོ་ཚོར་འཚོ་བའི་ཉམས་མྱོང་མང་པོ་ཐོབས་མེད། ཁོ་ཚོ་མིའི་སྤྱི་ཚོགས་ཀྱི་ནང་ལ་ཞུགས་ནས་འཚོ་བ་དངོས་ལ་རྒྱུས་ལོན་བྱས་བ་ནི་ང་བརྒྱད་ལོ་དང་རིག་གསར་གྱི་སྐབས་ཙམ་རེད། དེ་མིན་དཔེ་དེབ་དང་། གྲྭ་བ། མཇལ་བ་བཅས་ཀྱི་འཁོར་ཡུག་ནས་ཁོ་ཚོའི་སྐུ་ཚེ་རྫོགས་པ་རེད། མདོ་དབུས་ཁམས་གསུམ་ལ་སྐོར་ཉུལ་བྱས་ཤིང་བཙན་བྱོལ་འཚོའི་བ་ལ་རྒྱུས་ལོན་དང་། ང་ཚོ་བཞིན་ད་ལྟའི་གཞིས་ཆགས་ཀྱི་སྐད་འདི་ལའང་གདམས་ཀ་མེད་པའི་སྦྱང་བ་བྱས་ཡོད་ཚེ་སྐད་ཡིག་སློབ་གསོ་དང་སྤྱི་སྐད་འཇོག་སྟངས་ལ་སྔོན་མའི་ལྟ་བའི་སྟེང་ནས་གཡོ་འགུལ་མང་པོ་ཞིག་བྱས་ཡོད་ངེས་རེད། ད་དུང་ཁོ་ཚོས་དགེ་འདུན་ཆོས་བཕེལ་གྱི་སྐད་ཆ་འགའ་ཡང་ལུང་འདྲེན་བྱས་འདུག་མོད། དགེ་འདུན་ཆོས་འཕེལ་གྱིས་ཀྱང་འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འཆར།། སེམས་ཀྱི་ཁྱེར་སོ་གྲངས་ཀྱིས་ག་ལ་ཟིན་ཞེས་ལུང་ལ་ཡིད་གཏན་མེད་པའི་ཚིག་ཅིག་བཤད་འདུག་པ་དེའི་དོན་ཁོ་ཚོས་མ་ཤེས་བ་ཡིན་རྒྱུ་རེད། དེ་བས་ངས་ལུང་ལ་རྒས་རྒྱུ་ཡོད་ལ་འཆི་རྒྱུའང་ཡོད་ཅེས་བ་ཡིན།

འདོན་སྤེལ།: ༢༠༠༩/༠༧/༡༤

 

  • loading