རང་དོན་མིན་པའི་གནད་དོན་ཞིག།

ཚིག་དོན་གཉིས་ཀས་འགྲེལ་ནའང་།།

ད་དུང་གསལ་བོར་མ་མཁྱེན་པའི།།

ང་ཡི་བླ་རྒན་བདེ་ལེགས་སམ།།

 

ཁ་སྐད་མེད་པའི་སྔ་རོལ་ན།།

ཡིག་སྐད་ཅེས་བའི་མིང་ཡང་མེད།།

སྐལ་བ་སྟོང་གི་ཡིག་སྐད་རྣམས།།

ཁ་སྐད་དག་ལ་བརྟེན་ནས་བྱུང་།།

 

བླ་རྒན་ཁྱོད་དང་མྱི་རྒན་ངས།།

རྩ་བ་བོར་བའི་རྩེ་མོ་ནས།།

བརྩད་པའི་དགེ་བ་མ་མཐོང་མོད།།

ངལ་བར་མི་འཛེམ་ཡང་གཅིག་བཤད།།

 

ཨ་མའི་ངག་ལས་ཐོན་པ་ཡི།།

ཁ་སྐད་གཙང་མའི་བྲོ་བ་དེ།།།

ཡི་གེའི་གཟུགས་སུ་འགོད་པའི་དུས།།

བཟོ་བཅོས་བྱས་བ་ཅི་ཡི་དོན།།

 

ཀ་ཁ་སུམ་ཅུའི་སྦྱོར་བ་དེ།།

སྐད་ཀྱི་དོད་དུ་བཟོས་བ་ལས།།

སྐད་རིགས་གཞན་ཞིག་བཤད་པའི་ཆེད།།

སློབ་དཔོན་ཐོན་མིས་བཟོས་བ་མིན།།

 

བོད་པའི་སྐད་དང་ཡི་གེ་གཉིས།།

རྟ་ལམ་ཞིག་དང་བོང་ལམ་ཞིག།

མཁས་བའི་རྟ་ཕོ་བསླེབས་ནའང་།།

བླུན་པོའི་བོང་བུ་བསླེབ་མ་ཡིན།།

 

མཁས་བའི་གྲས་སུ་མ་བསླེབས་པའི།།

བླུན་པོ་བོང་བུའི་ཞོན་པ་ཅན།།

ང་འདྲས་སྐད་དང་ཡི་གེ་ཡི།།

བར་ཐག་གཞལ་ལ་ལོ་དུ་དགོས།།

 

ཁ་ནས་ཡག་མོ་གྲ་མོ་ཟེར།།

ལག་ནས་ཤིན་ཏུ་ལེགས་ཞེས་འབྲི།།

ཁ་ལག་གཉིས་ཀ་མི་མཐུན་པའི།།

སྐྱག་ལག་ཁྱོད་ལ་དགེ་བ་ཅི།།

 

ཁ་ནས་ཐོན་པའི་སྐད་ཆ་དེ།།

ཤོག་བུའི་ངོས་སུ་འབྲི་བའི་ཆེད།།

གཟུགས་དང་རི་མོ་བྲིས་བ་ལས།།

རྒྱུ་མཚན་གཞན་ན་ཡོད་མ་ཡིན།།

 

མཁས་བས་བྲིས་བའི་ཡི་གེ་དེ།།

ཨ་མས་བཀླགས་ཀྱང་མི་ཤེས་པས།།

བྲིས་བའི་ཐང་ཀ་གསུང་བརྗོད་མ།།

སྐྱེས་སུ་བསྐུར་བའི་ལོ་རྒྱུས་ཡོད།།

 

ཨ་མས་བཤད་པའི་ཁ་སྐད་དེ།།

མཁས་བས་བལྟས་ཀྱང་མི་མཁྱེན་པས།།

སྐྲ་ཡི་ཉག་མ་དཀར་བོ་ཞིག།

རྒས་བའི་རྟགས་སུ་བསྐུར་བར་གྲགས།།

 

ཁ་སྐད་ཡིག་སྐད་གཉིས་ཀ་ལ།།

ཤར་དང་ནུབ་ཀྱི་ས་མཚམས་ཆད།།

བར་ཐག་ཉེ་རུ་གཏོང་བ་ལ།།

ཁ་སྐད་མ་སྦྱངས་ཐབས་གཞན་མེད།།

 

ཡིག་སྐད་མཁས་བའི་སྐད་ཆ་རེད།།

ཁ་སྐད་ཀུན་གྱི་སྐད་ཆ་རེད།།

ཡིག་སྐད་སྐད་ཀྱི་ཚ་བོ་དང་།།

ཁ་སྐད་སྐད་ཀྱི་མེས་བོ་རེད།།

 

བོད་སྐད་དངོས་མ་ཁ་སྐད་དང་།།

ཡིག་སྐད་དེ་ཡི་གྲིབ་གཟུགས་རེད།།

ལུས་དང་གྲིབ་མ་མི་འདྲ་བའི།།

སྐད་རིགས་འདི་ལ་ཡ་མཚར་ཅི།།

 

ག་འདྲ་འདུག་དང་ཆུ་མོ་འདོ།།

ཆུ་ཟིག་རེད་དང་ཅི་ཞིག་རེད།།

གང་ཞིག་ལེགས་མིན་རང་རང་རྣ།།

ང་ཡི་རྣ་ལ་ཨ་མའི་སྐད་།།

 

རང་གི་ངག་ལ་གང་ཐོན་པ།།

ཡི་གེར་འགོད་པ་ང་ཡི་ལུགས།།

ཨ་མས་ཉན་ན་མི་གོ་བས།།

སྐད་དེ་འབྲི་བ་ཁྱོད་ཀྱི་ལུགས།།

 

ཡག་པོ་ཞི་བོ་ལྷ་སའི་སྐད།།

ཡག་མོ་གྲ་མོ་ཁམས་པའི་སྐད།།

གཤིས་ཀི་སྲ་གི་ཨ་མདོའི་སྐད།།

འདི་གསུམ་མཁྱེན་པ་བོད་ཀྱི་སྐད།།

 

ཨ་རག་ཉུང་ཙམ་འཐུང་སྟེ་བྲིས།།

སེམས་རྒྱ་ཅུང་ཙམ་སྐྱེད་དེ་ཀློགས།།

ཡ་ཡ་ལེགས་སོ་མ་བཤད་པ།།

ཨ་ཁུའི་ཐུགས་ལ་མ་གནོད་རོགས།།

 

མཁན་པོས་ཉན་ན་ཁྱོད་བདེན་ཡང་།།

ཨ་མས་ཉན་ན་ང་བདེན་པས།།

བདེན་རྫུན་གཉིས་ཀའི་ས་མཚམས་དེར།།

བདེན་པའི་བུ་ཆུང་གཉིད་དུ་ཡུར།།

 

འདོན་སྤེལ།: ༢༠༡༠/༠༡/༠༩

  • loading
  • #3

    ཟ་ལེ་རྒྱལ། (Thursday, 14 January 2010 09:16)

    ཟ་ལེ་རྒྱལ་གྱི་ཁ་སྐད་གཙང་མ་འདི།།
    དྲིན་ཆེན་ཨ་མས་རྔན་པར་བྱིན་ནི་ཡིན།།
    མ་བུ་གཉིས་ཀའི་བརྩེ་བ་མ་བརྗེད་བར།།
    ང་ལ་འདི་ལས་སྐད་གཞན་དགོས་བ་མེད།།

    མགུར་རྒྱང་འཐེན་དང་གློག་ཞགས་གཉིས་ངའི་མགྲོན་དུ་ཕབས་པར་དགའ་བསུ་ཡོད།

  • #2

    མགུར་རྒྱང་འཐེན། (Thursday, 14 January 2010 05:43)

    ཅེར་ཏེ་ཀློག་རྗེས་སྤྲོ་བས་བརྟས་ཡོད།

  • #1

    གློག་ཞགས། (Wednesday, 13 January 2010 19:24)

    ཁ་ལྕེ་དམར་པོར་ཆུ་འགོས་མེད་ཁུ། གནས་ལུགས་གོར་མོའི་སྲ་འཐོར་མེད་ཁུ། ཨ་ཧྲུང་མ་ཡ། ད་ཡག་གི་ཡ།

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།