ཟ་ལེ་རྒྱལ་གྱི་ཟིན་བྲིས།
ཀ་རྩོམ།
ཀ་ཡེ་ང་ལ་ཁ་བརྡ་ཅུང་ཙམ་ཡོད།།
ཁ་སང་བུ་མོ་ཞིག་ལ་སེམས་ཤོར་ནས།།
ག་ལེར་ག་ལེར་མདུན་དུ་སོང་ནའང༌།།
ང་ལ་སྤོབ་པ་ཆུང་བས་ཕྱི་ནུར་བྱས།།
ཅ་ལ་དམར་པོའི་མགོ་རྒྱན་བཏགས་པ་ཡི།།
ཆ་ལུགས་བོད་དང་འདྲ་བའི་བུ་མོ་དེས།།
ཇ་ལས་ཆང་ལ་དགའ་བའི་བོད་པ་ང་།།
ཉྭ་དང་བརླ་དང་ནུ་མས་འགུག་པ་བཏངས།།
ཏཱ་ལེ་བླ་མའི་བཀའ་དྲིན་སྐུ་དྲིན་ལ།།
ཐ་ཤལ་སྤྱོད་པ་ཅུང་ཙམ་སྤངས་ནའང༌།།
ད་དུང་རྒྱན་ཆགས་གོམས་པའི་ངར་ཤུགས་ཀྱིས།།
ན་ཆུང་མཛེས་མ་རིག་ན་མི་བཟོད་ཀི།
པ་པོ་མང་པོ་བཤད་ཀྱང་མི་ཤེས་མོད།
ཕ་གྱུར་མགོ་ནག་བོད་པ་ཚང་མ་ལོ།།
བ་དང་མ་བ་གནས་ཚུལ་ཁ་ཁ་རེད།།
མ་གཏོགས་མ་གྱུར་བུ་མོར་སུ་མི་དགའ།།
ཙ་གེ་ཙིག་གེ་ཆོས་བཤད་ཤེས་ནའང༌།།
ཚ་གེ་ཚི་གེ་སྟོན་ས་བུ་མོ་རེད།།
ཛ་གེ་ཛི་གེ་གཏོར་མ་ལས་ཞོར་ལ།།
ཝ་ལེ་ཝོ་ལེ་མཛེས་མ་ཁོ་ནར་ལྟ།།
ཞྭ་གོས་ལྷམ་གསུམ་འཛོམས་པའི་ལྷག་མ་ན།།
ཟ་འཐུང་ལྟོ་ལ་འདང་རྒྱག་མ་བྱུང་ན།།
འ་ཅག་བོད་པ་ཚང་མའི་ཁ་ནང་ན།།
ཡ་མཚན་མཛེས་མ་མ་གཏོགས་ཅི་ཡང་མེད།།
ར་མ་ལུག་གི་བརྫི་བོ་འབྲོག་པ་དང༌།།
ལ་ལུང་མང་པོ་ཉུལ་བའི་སྐྱབས་བཅོལ་བ།།
ཤ་ཟ་གདོང་མདར་བོད་པ་ཚང་མ་ཡིས།།
ས་སྟེང་རྒྱོ་འདོད་རེ་བའི་ཤུགས་ཀྱིས་མནན།།
ཧ་ལས་ཧང་སངས་དགོས་བ་འདི་འདྲ་བ།།
ཨ་རོགས་འཛམ་བུ་གླིང་ན་ཨེ་ཡོད་དམ།།
ཨ་མ་མ་གཏོགས་བུ་མོ་རིག་ཚད་ལ།།
ཧ་ལོ་ཟེར་བཞིན་དོན་མེད་འཛུམ་ཞིག་སྟོན།།
ས་ཆ་གང་གི་ཡིན་མིན་མི་ཤེས་ཀྱང༌།།
ཤ་ཚུགས་བུ་མོ་ཡིན་པ་ཙམ་གྱིས་ཆོག།
ལ་ལ་མ་གཏོགས་བོད་པ་ཚང་མ་ལོ།།
རྭ་ལོ་སྣབ་ལུག་ཨ་ན་མ་ན་ཡིན།།
ཡ་རབས་བོད་པ་ཞེས་བའི་མིང་ཚིག་ཅིག།
འ་ཅག་མགོ་ནག་རྩམ་གཟན་ཚང་མར་ཡོད།།
ཟ་འཐུང་མ་གཏོགས་ཅི་ཡང་མི་ཤེས་ཀྱང༌།།
ཞྭ་སེར་བསྟན་པའི་བདག་པོས་དགོང་ལ་བསྟད།།
ཝ་སྐྱེས་སྡར་མའི་ཁྱུ་ཞིག་ཕྱི་ལ་འཁྱམས།།
ཛ་དྲག་བོད་ཀྱི་གནས་ཚུལ་ཤེས་ནའང༌།།
ཚྭ་དང་ཤ་དང་ཆང་དང་མཛེས་མ་སོགས།།
ཙ་གེ་ཙིག་གེ་ཙམ་ལས་བསམ་རྒྱུ་མེད།།
མ་རྒན་མུ་གེར་ཤི་ཡང་ལས་ཡིན་པས།།
བ་ནི་མ་རེད་ཟེར་བ་ཙམ་ལས་མེད།།
ཕ་རྒན་བཙོན་ལ་བཀག་ཀྱང་ཁྲིམས་རེད་ཅེས།།
པ་མགོ་འདི་ཚོར་སེམས་ཁྲལ་ཅི་ཡང་དབེན།།
ན་ཆུང་མཛེས་མ་རིག་ན་ཚང་མ་ལ།།
ད་དུང་ཐབས་ཤེས་རབ་དང་རིམ་པ་ཡོད།།
ཐ་ཤལ་འདི་ཚོའི་ནང་ན་ང་ཡང་ཡོད།།
༧ཏྭ་ལེ་བླ་མ་མ་གཏོགས་ཚང་མ་ཡོད།།
ཉ་ཤ་གླང་ཤ་ལུག་ཤ་ཕག་ཤ་དང༌།།
ཇ་དང་ཆང་དང་བུ་མོ་མཛེས་མ་སོགས།།
ཆ་རྐྱེན་འདི་དག་འཛོམས་ན་ཕྱུག་པོ་ཞེས།།
ཅ་ལེ་ཅོལ་ལེ་བཤད་ནས་མི་ཚེ་བསྐྱལ།།
ང་ཚོའི་གཤིས་ལ་འཇག་པའི་བག་ཆགས་འདི།།
ག་དུས་ཡིན་ཡང་འདོར་ཐབས་མི་འདུག་པ།།
ཁ་སང་འགོས་བའི་ནད་ཅིག་མ་ཡིན་པར།།
ཀ་ཁ་སློབ་པའི་དུས་དང་མཉམ་དུ་སྦྱངས།།
༡༠།༠༣།༢༠༠༩

