ཟ་ལེ་རྒྱལ་གྱི་ཟིན་བྲིས།

ཟ་ལེ་རྒྱལ་གྱི་མགུར་གླུ།

 

གནོང་ལ་ཕོག་ན་བསླབ་བྱ་ཡིན།། སུ་ལ་ཕོག་ན་དེ་ལ་བྲིས།

མ་གྱུར་སེམས་ཅན་ཟེར་ལུགས་ལ།། སྙིང་རྗེ་ཆེན་པོས་བཟུང་བ་འདྲ།།

ངར་འཛིན་དེ་ཡི་ཆེ་ལུགས་ལ།། བདག་གཞན་མཉམ་བརྗེ་བརྗེད་པ་འདྲ།།

ཨུ་ཚུགས་དེ་ཡི་ཆེ་ལུགས་ལ།། བློ་རྟགས་གཉིས་ཀ་སྦྱངས་བ་འདྲ།།

མཐོང་ཐོས་དེ་ཡི་ཉུང་ལུགས་ལ།། དགོན་པའི་བ་རྫི་ཡིན་པ་འདྲ།།

བཙན་བཀའ་དེ་ཡི་གཏོང་ལུགས་ལ།། གྲྭ་ཕྲུག་ཁ་ཤས་ཡོད་པ་འདྲ།།

བླ་རྒན་ཀླད་པ་མཁྲེགས་ལུགས་ལ།། འཚོ་བའི་ཉམས་མྱོང་མེད་པ་འདྲ།།

ང་རྒྱལ་སྣང་བ་མཐོ་ལུགས་ལ།། དཀོར་གྱི་རོ་བཅུད་ཆེ་བ་འདྲ།།

བདེན་པ་བཤད་ན་སྡང་ལུགས་ལ།། མྱི་ཡི་རྣམ་ཤེས་ཡིན་པ་འདྲ།།

སྐད་ཅོར་དེ་ཡི་ཆེ་ལུགས་ལ།། ནེ་ཙོའི་ཡང་སྲིད་ཡིན་པ་འདྲ།།

བོད་ཡིག་དེ་ཡི་འབྲི་ལུགས་ལ།། བོད་ནས་ཡོང་བ་ཡིན་པ་འདྲ།།

ཁ་རྒྱགས་དེ་ཡི་ཆེ་ལུགས་ལ།། རང་བཙན་ཤོར་བ་བརྗེད་པ་འདྲ།

ཚིག་རྒྱན་སྙན་ངག་འབྲི་ལུགས་ལ།། དབྱངས་ཅན་ལྷ་མོས་འཁྱུད་པ་འདྲ།།

འཁོར་བར་ཞེན་ཁོག་ཆེ་ལུགས་ལ།། ངེས་འབྱུང་རྒྱུད་ན་མེད་པ་འདྲ།།

ཆོས་ཀྱི་ཉམས་ལེན་མེད་ལུགས་ལ།། ཁྱོད་དང་འུ་གཉིས་མཉམ་པ་འདྲ།།

སྐྱ་སེར་རྟོག་པ་མཉམ་ལུགས་ལ།། ཡོན་བདག་གྱོང་ལ་སྦྱར་བ་འདྲ།།

རང་ལྟ་མཆོག་འཛིན་བྱེད་ལུགས་ལ།། དབུ་མའི་ས་མཚམས་ཆད་པ་འདྲ།།

གཏམ་གྱི་གོ་བ་མེད་ལུགས་ལ།། ལོ་རྒན་དྲུག་ཅུས་ཐུབ་པ་འདྲ།།

འབུར་བཅོམ་བྱེད་པར་མཁས་ལུགས་ལ།། རྒྱལ་བོའི་སྲས་ཤིག་ཡིན་པ་འདྲ།།

བཙན་བྱོལ་འཚོ་བར་རོལ་ལུགས་ལ།། གཡོག་པོའི་བུ་ཞིག་ཡིན་པ་འདྲ།།

ཕར་བཤད་དེ་ཡི་མཁས་ལུགས་ལ།། སྨྲ་ལྕེ་ཁ་ཤས་ཡོད་པ་འདྲ།།

ཚུར་བཤད་གོ་བ་མེད་ལུགས་ལ།། རྣ་འབྱོག་གཉིས་ཀ་མེད་པ་འདྲ།།

ཁོང་ཁྲོ་དེ་ཡི་ཆེ་ལུགས་ལ།། འབྲོང་གི་སྙིང་ཞིག་ཡོད་པ་འདྲ།།

ཕ་ཡུལ་བཞག་ནས་འབྲོ་ལུགས་ལ།། བྱིའུ་སྙིང་ཙམ་ཡང་མེད་པ་འདྲ།།

འདི་ཕྱི་གཉིས་ཀ་མཁྱེན་ལུགས་ལ།། འཁོར་བའི་ཆོས་ཉིད་རྟོགས་པ་འདྲ།།

ཀུ་རེ་དོན་གཏམ་ནོར་ལུགས་ལ། ང་ལས་ལྷག་ཏུ་རྨོངས་བ་འདྲ།

རང་རློམ་དེ་ཡི་ཆེ་ལུགས་ལ།། ས་སྒོར་བུད་མྱོང་མེད་པ་འདྲ།།

སྔོན་བྱོན་མཁས་བ་བཀུར་ལུགས་ལ།། རང་ཉིད་རང་གིས་བོར་བ་འདྲ།།

དཔེ་དེབ་མང་པོ་བཀླགས་ལུགས་ལ།། དཔེ་མཛོད་ཁང་དུ་ལུས་བ་འདྲ།།

དུང་བརྗོད་སྙན་ངག་འབྲི་ལུགས་ལ།། ཕོ་མོའི་བརྩེ་དུང་ཤེས་བ་འདྲ།།

དོན་གྱི་ཉམས་མྱོང་མེད་ལུགས།། ཐམས་ཅད་ལད་མོ་བྱེད་པ་འདྲ།།

འདོན་སྤེལ།: ༢༠༠༩/༠༦/༠༢

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།