ཟ་ལེ་རྒྱལ་གྱི་ཟིན་བྲིས།
གྲོགས་མོ་གཟུངས་ཕྱུག་སྐྱིད་ལ།།
ཟ་ལེ་རྒྱལ།
བུ་ཡི་མིག་ལ་བུ་མོ་མི་མཛེས་ཤིང༌།།
བུ་མོའི་མིག་ལ་བུ་ཡང་མི་མཛེས་བའི།།
དྭངས་གཙང་སེམས་པ་ཆགས་པས་མ་གས་པའི།།
ཆུང་ཆུང་བྱིས་བའི་དུས་ཀྱི་རྩེས་རོགས་མ།།
བཟང་ངན་ཡག་རྩོག་འབྱེད་པའི་བློ་མེད་ཀྱང༌།།
མི་རིགས་ལས་ངན་ཞིག་གི་རྒྱུད་ཡིན་པས།།
བོད་མི་རྒན་པ་ཞིག་གི་འགན་ཁུར་ནས།།
རིག་པའི་གོམ་སྟབས་བླང་བའི་སློབ་གྲོགས་མ།།
རང་ས་ཤོར་ཡང་རེ་བ་མ་ལྷོད་པར།།
ས་བདག་བཙན་པོ་ཞིག་གི་མཐུ་འོག་ནས།།
རང་བཙན་གཙང་མ་ཞིག་གི་རྔ་མ་ལ།།
ཤེད་ཀྱིས་འཐམ་ནས་ཤུགས་ཀྱིས་ངུ་རོགས་མ།།
ཁ་ཟས་འཚོ་བ་ཞན་པའི་ནོར་མེད་མ།།
ཁ་རྒྱབ་གོན་་སྲབ་པའི་འཁྱག་བཟོད་མ།།
མཁོ་ཆོས་ཅི་ཡང་མེད་པའི་ཡུལ་གྱར་མ།།
སྡུག་གི་ཁུར་བོ་ཁུར་བའི་ཤེད་ཆེན་མ།།
སྒྱུ་རྩལ་རྩོམ་གྱི་འཕེལ་ཁ་ཕྱེས་ནའང༌།།
བོད་རིགས་བུ་མོས་སྤར་ཁ་མ་ཕྱེས་པས།།
ལ་རྒྱའི་སོར་མོ་འཁྱུགས་པའི་སྤོབས་པ་ཡིས།།
པིར་ཐོགས་བོད་མོའི་གནས་ན་ཁེར་འདུག་མ།།
ཀ་ཁ་སུམ་ཅུའི་གནའ་མཁར་ཡངས་པོ་ན།།
རང་ཉིད་གཅིག་པུས་འདོག་བརྩེགས་དབྱངས་བཞག་གིས།།
སྙན་མོ་འབའ་ཞིག་སྨྲ་བའི་བོད་མོ་ཞིག།
སྨྱུ་གུའི་རྩེ་འཇོར་རོལ་བའི་རིག་བཟང་མ།།
བཅུད་པར་རྫ་ནས་སྐྱེས་བའི་ནག་མོ་ནོར།།
དབྱར་རྩྭ་དགུན་འབུ་ཟས་བའི་འཕྲུས་རྡོ་ཅན།།
བདུད་རྩི་ཆང་གིས་བཟི་ན་ཞེ་སྡང་ཅན།།
བྲེ་སེར་འབྲོང་གི་འདུག་རོགས་དཔའ་ལྡན་མ།།
ལྷན་སྐྱེས་གཤིས་ཀ་འཇམ་པའི་གཤིས་བཟང་མ།།
སྦྱངས་བའི་ཡོན་ཏན་ལྗི་བའི་ཁྱུ་མཆོག་མ།།
ཀུན་གྱི་དུང་བ་འདྲེན་པའི་ཀུན་མཐུན་མ།།
སྨྲ་བརྗོད་ཁ་ལྕེ་དག་པའི་འབྲོག་རྒན་མ།།
ཕ་མ་གཞིས་སུ་བཞག་པའི་ཁ་འཁྱམས་མ།།
བུ་ཕྲུག་རྒྱབ་ཏུ་ཁུར་བའི་ཁྲེལ་ཡོད་མ།།
རྒད་པོ་རྗེས་སུ་བཟུང་བའི་འཁོར་བ་མ།།
རྩ་བའི་བླ་མ་བསྙེགས་པའི་དད་ལྡན་མ།།
ལྔ་རིག་ལོ་ཏོག་ལོ་ལ་བསྙལ་བའི་བཅུད།།
འཐུང་བའི་སྨྱོན་མ་སྨྱུ་གུའི་རྩེ་འཇོ་ཅན།།
ལྷོ་ཕྱོགས་མ་དྲོས་མཚོ་ལས་མ་སྐྱེས་བའི།།
གནག་སྣུམ་སྐྲ་ལོ་འཛིན་པའི་དབྱངས་ཅན་མ།།
མོ་ལོ་ཉི་ཤུའི་སྣང་བ་འོད་པོ་ཆེ།།
ཅན་བཞིའི་འཛུག་བསྐྲུན་མགྱོགས་པའི་མེས་རྒྱལ་གྱི།།
སྐར་ལྔའི་རྒྱལ་དར་དམར་པོའིདབང་འོག་ནས།།
མིག་ཆུའི་མཛོད་ལ་སྦས་བའི་གཏེར་བདག་མ།།
ཨ་ཅེ་དབྱངས་ཅན་དགྱེས་བའི་བློ་གྲོས་མ།།
ཐབ་ཀའི་ཡ་རྒྱལ་སྲུང་བའི་ཚེགས་ཡངས་མ།།
གཡུ་ལོ་བཀོལ་པའི་ཞིང་གི་གཅེས་ཕྲུག་མ།།
ཕ་ས་ཚ་ནག་སྡེ་ཡི་ཁྱི་ཞོན་མ།།
རིག་པའི་གཤོག་ཟུང་ཐོགས་པའི་མཁའ་འགྲོ་མ།།
ཤེས་བྱའི་མེ་ཏོག་དབུས་ན་བཅུད་ལེན་མ།།
བཙན་བྱོལ་འཚོ་བའི་ཁྲོད་ཀྱི་ས་འགྲོ་མ།།
ས་ཁུང་གཡར་མའི་ནང་གི་རྩམ་བཟན་མ།།
རིག་པའི་རྒྱལ་ཁམས་འགྲིམ་པའི་མྱུར་མགྱོགས་མ།།
སྣ་ཚོགས་སྐད་རིགས་སྨྲ་བའི་ངག་ཡངས་མ།།
ཡོན་ཏན་ཆ་ངེ་ཆུང་ངེ་རྫོགས་མེད་མ།།
ཨེ་མ་ཁྱོད་ལ་དགའ་འོ་ཡིད་འགུག་མ།།
༠༡།༠༤།༢༠༠༦ ལ་ཕ་རེ་སི་ནས།
འདོན་སྤེལ།: ༢༠༠༩/༠༤/༢༧
