ངའི་མི་ཚེའི་སྟོད་སྨད།
སྐད་ཡིག་གི་བར་སྟོང་བསྐང་ན་རྩོམ་ཡིག་གོ་བདེ་བ་འདི་མོ་འདི་མ་བྲིས་བར་གོ་མེད་ཚོར་མེད་ཀྱི་སྙན་ངག་དང་རིག་པ་མཐའ་དཔྱོད་བྱས་ནས་ཕན་མི་ཐོགས་པ་འདྲ་ལ་དེ་ནི་ངས་ཟིན་བྲིས་ཉར་བའི་དམིགས་ཡུལ་ཡང་ཡིན།
ཀ་ར་མངར་མོ་ཟ་བའི་ལོ་ཚད་ལོ་ངོ་ཉི་ཤུའི་སྔོན་ལ་ཡལ།།
ཁ་བརྡ་སྙན་མོ་བྱེད་པའི་ན་ཚོད་ན་ཆུང་བུ་མོའི་བྲང་ལ་འཐིམ།།
ག་ཡང་ང་ལ་འཐོབ་ན་བསམ་པའི་རེ་བ་བྲག་དང་རྡོ་ལ་བརྡབས།།
ང་འོ་སྙམ་པའི་ང་རྒྱལ་དེ་འང་མེད་མུག་སྟོང་གི་བག་ལ་ཞ།།
ཅ་ལག་སྣ་ཚོགས་སྒྲིག་པའི་རེ་བ་དང་པོ་ཉིད་ནས་ང་ལ་མེད།།
ཆ་ལུགས་སྤྲང་བོའི་ལད་མོ་བྱས་ནས་ཟ་འཐུང་སློང་བའི་རེ་བའང་མིན།།
ཇ་ཐང་འཐུང་ནས་གོ་རེ་ཟས་ཏེ་མ་ལྟོགས་མ་སྐོམ་ཙམ་གྱིས་ཆོག།
ཉ་མོ་ཆུ་འཐུང་མ་ཤི་ས་ནས་གོ་རེ་ཟས་ནས་ཇི་ལྟར་འཆི།།
ཏ་ལེ་ལོ་མ་གོས་སུ་གོན་ཏེ་ལོ་དྲུག་དཀའ་བ་སྤྱད་པའི་གཏམ།།
ཐ་ན་དེང་གི་གྲྭ་བ་ཚོས་ཀྱང་ཡིད་ཆེས་བྱེད་མིན་མི་ཤེས་མོད།།
ད་དུང་ང་ཡི་རྣ་ཅོག་ནང་ན་ཡིག་དྲུག་བཞིན་དུ་གསལ་ནའང་།།
ན་ཚོད་ལོ་ཡིས་ཐུབ་ཚོད་བྱས་ཏེ་རྒད་པོའི་འདོད་ཆགས་ཇེ་ཆེར་སོང་།།
པ་ལོ་རིང་མོ་རྒྱབ་ལ་ཁུར་ནས་ཟ་ལེ་རྒྱལ་གྱི་ལམ་ཁར་བསྙེགས།།
ཕ་ལོ་མ་ལོ་ཚང་མ་ཡོང་ནས་གཅེས་ལོ་མ་འགྲོ་འདུག་རོགས་ཞེས།།
བ་ཚོད་ཐུབ་ཚོད་ཐབས་ཤེས་སྣ་ཚོགས་ཞུ་བའི་གྲོགས་སུ་བཀུག་ནའང་།།
མ་ལོའི་མིག་ཆུའི་རིན་ཐང་མ་ཤེས་མི་ཡུལ་ཞིག་ལ་ཤུར་སེ་བཏང་།།
ཙ་མི་ལེན་ཀི་ཤིན་ཏུ་མཐུན་ཞེས་ཕྷ་མོ་ཞིག་ལ་རྒྱ་སྐད་བཤད།།
ཚ་ཀ་ཚུགས་ཀ་ལུག་དང་འདྲ་ཡང་རྫ་ནེ་རྫུན་ནེ་མང་པོ་བྱས།།
ཛ་རེ་ཛོ་རེ་སྣ་དང་ཁ་ལ་མཛེས་མའི་ཆ་ཙམ་མེད་ན་ཡང་།།
ཝ་མ་ཝོ་ལ་སེམས་པ་སྨྱོན་པ་བརྩེ་བ་ཞིག་གིས་དམ་དུ་བཅིངས།།
ཞ་གོས་ལྷམ་གསུམ་འཛོམས་པའི་ཐོག་ལ་ཡུལ་མེད་བྱི་ལིས་ཡུལ་ཞིག་རྙེད།།
ཟ་ལེ་རྒྱལ་གྱི་རླུང་རྟ་རྒྱུག་ནས་ཕ་ཡུལ་ཕུ་ནུར་ཐེངས་གསུམ་ཐུག།
འ་ཅག་བོད་ཀྱི་བུ་མོ་རྣམས་ཀྱིས་རྡ་སར་ལོ་དགུར་མ་མཐོང་མོད།།
ཡ་རབ་མིན་ཡང་ཡོ་རུབ་གླིང་ན་ང་ལ་མི་ཡི་མཐོང་སྣང་འདུག།
ར་མ་རྒྱ་མོར་ཟོག་འདང་བཞག་པ་ཡ་ཆུང་སེམས་ཀྱི་ངོས་སུ་འགོས།།
ལ་ལུང་དཀའ་ཚེགས་མང་བོ་བརྒྱུད་དེ་རྒྱ་མཚོ་ཆེན་པོ་བརྒལ་བའི་རྗེས།།
ཤ་ཚ་རིགས་ཞེན་མེད་པའི་ཁྱི་ཞེས་ང་ལ་དམོད་ཚིག་བཏབ་ན་ཡང་།།
ས་ཆ་འདི་ནས་ཟ་ལེ་རྒྱལ་ཚོས་བོད་དོན་བསྒྲུབས་པ་ཉུང་ཉུང་མིན།།
ཧ་ཅང་སེམས་ཤུགས་ཆེ་མདོག་དང་ནི་ཡ་རབ་ཡིན་ཁུལ་བྱས་པ་ལས།།
ཨ་ཁུ་ཨ་ནི་རྫུན་མ་འཁྲབ་ནས་ཨ་རིའི་དོན་གཅོད་བཀད་ལ་ཁལ།།
ཧ་ཧ་ཧོ་ཧོ་ཟ་ལེ་རྒྱལ་ཞེས་གད་མོ་བགད་པའི་རྒྱབ་ལོག་ན།།
ཨ་ཞང་ཚང་གི་དམིགས་ཡུལ་ངོ་མ་ང་དང་ཨ་ན་མ་ན་རེད།།
