ངས་མི་འདོད་རྒྱུ་ཞིག་འདོད་ཀི།
ཁ་སང་དེ་རིང་སེམས་པ་མི་སྐྱིད་ཀི།
གྲོགས་ཀྱི་སེམས་གཏམ་གོ་ན་མི་བསོ་གི།
སྙན་མོ་བཤད་ཀྱང་ཉན་ན་མི་འདོད་ཀི།
ཁ་མཚར་བཤད་ཀྱང་དགོད་རྒྱུ་མི་ཡོང་གི།
ཆུང་མའི་འཛུམ་མདངས་རིག་ན་སྙིང་ལང་གི།
ཞི་མོའི་གཅེས་གཏམ་གོ་ན་རྣ་སུན་གི།
ཕྱོགས་རྒྱུའི་མགྲོན་པོ་མཐོང་ན་མིག་ཚ་གི།
རང་གིས་རང་ལ་བལྟས་ན་ཡིད་ཆད་ཀི།
སེམས་ན་སྡུག་གི་མགྲོན་པོ་བཙན་པོ་ཞིག།
གོང་མ་གནམ་གྱིས་མངགས་པའི་ཕོ་ཉ་ཞིག།
ལན་ཆགས་ལུས་ཀྱི་སྟེང་ལ་ཁུར་བོ་ཞིག།
ཡུལ་གྱར་འཚོ་བའི་མནར་གཅོད་ལྷག་མ་ཞིག།
རི་མགོ་མཐོན་པོའི་རྩེ་ལ་འགོས་ཏེ་སྐད་ཤུགས་ཆེན་པོས་ངུ་ན་འདོད།།
བྲིས་བྲིས་ཚང་མ་དུམ་བུར་གཤགས་ཏེ་ཐབ་ཁུང་ནང་ལ་རྫོངས་ན་འདོད།།
གློག་ཀླད་ངོ་ལ་རྡོག་པས་གཞུས་ཏེ་གད་སྙིགས་ནང་ལ་གཡུག་ན་འདོད།།
གོན་རྒྱུ་ཚང་མ་རླུང་ལ་བསྐུར་ཏེ་ལྭ་མེད་ལུས་བོ་རྒྱུག་ན་འདོད།།
རིག་རིག་ཚང་མའི་ཐོང་རྩའི་བཟུང་སྟེ་མཆུ་མ་གདོང་ལ་གཏོར་ན་འདོད།།
བཤད་རྒྱུ་རྩོད་རྒྱུ་ཅི་ཡང་མེད་ཀྱང་ཕ་རོ་ཟ་ཞེས་སྡིགས་ན་འདོད།།
ཕྱུག་པོ་ཚང་མའི་དངུལ་ཁུག་འཕྲོག་ཏེ་སྒོར་མོ་མེ་ལ་སྲེག་ན་འདོད།།
མེད་པོ་རྣམས་ཀྱི་སྐེ་ཐུ་གཅུས་ཏེ་མུག་སྐད་གཏན་དུ་གཅོད་ན་འདོད།།
བཙན་པོ་དག་གི་རླིག་པ་བཅད་དེ་ཁྱི་དང་ཕག་ལ་སྟེར་ན་འདོད།།
གཉོམ་ཆུང་ཚང་མའི་རལ་བས་བཟུང་སྟེ་རྐང་པའི་འོག་དུ་གནོན་ན་འདོད།།
ས་ཡི་གོ་ལ་ཧྲིལ་བོ་འདི་ལ་བཟོ་བཅོས་ཐེངས་གཅིག་བྱེད་ན་འདོད།།
ཚིག་གི་རྐང་བ་སོ་སོར་འཐོར་ཡང་དྲན་ཚུལ་ཡིག་ངོར་འཕབ་ན་འདོད།།
འདོད་པ་འགྲུབ་རྗེས་ཕ་རེ་སི་ཡི་ལྕགས་སྡོང་མགོ་ནས་ལྡིང་ལ་འདོད།།
༧ཡིད་བཞིན་ནོར་བུས་ཡུན་རིང་གསོས་བའི་མུག་ཕྲུག་གཡང་ལ་མཆོང་ན་འདོད།།
ཕྱི་མའི་ཡུལ་ན་བདེ་བ་མེད་ཀྱང་ད་ལྟ་རང་ལ་འགྲོ་ན་འདོད།།
གཏན་དུ་གྱེས་བའི་ཕ་མ་གཉིས་ཀའི་ལམ་ཁ་དེ་ལ་ཞུགས་ན་འདོད།།
སྙིང་ནས་གཅེས་བའི་གྲོགས་ཤིག་ཡོད་ན་རེམ་མ་ཤོགས་ཞེས་འབོད་ན་འདོད།།
འདོན་སྤེལ།: ༢༠༠༩/༡༠/༠༧
བདེ་འཚོ། (Monday, 08 November 2010 08:34)
ཁ་སང་དེ་རིང་ང་ཡང་མི་སྐྱིད་ཀི།
ཕར་རོལ་གཞན་ལ་བལྟས་ན་རླུང་ལངས་ཀི།
ཚུར་ར་རང་ལ་བལྟས་ན་་ཁོ་ཆད་ཀི།
གསར་འགྱུར་ཡངས་མོ་ཐོས་ན་རྣ་སུན་གི།
རྩོམ་ཉོག་རྫུན་མ་མཐོང་ན་མིག་ཚ་གི།
ཕྱུག་པོའི་རྒྱུ་ངོམས་རིག་ན་ཡིད་ཆད་ཀི།
མེད་པོའི་ངུ་ངག་གོ་ན་རྣ་སྡུག་གི།
འཛམ་གླིང་འཕོ་འགྱུར་བཤད་ན་སེམས་སྡུག་གི།
ཅང་མེད་བྲོས་བྱོལ་བ་ཚོར་ཡིད་སུན་གི།
གཞིས་སྡོད་དྭ་པྲུག་ཆ་བོ་སྙིང་རྗེ་གི།
བོད་ཁྲག (Tuesday, 06 July 2010 15:40)
ཟ་ལེ་རྒྱལ་ལགས། ཁྱོད་ཀྱི་རྩོམ་འདི་བཀླགས་པས་ངོ་མ་ངའི་སེམས་སུའང་སྡུག་བསྔལ་གྱི་མུན་པ་ཞིག་འཐིབས་ཐལ། སེམས་ཁམས་མི་དྭངས་ན་དམིགས་བརྩེ་མ་རེ་ཐོན་དང་
ཕན་པ་ཆེའོ། །སྙན་ངག་འབྲི་རྒྱུ་མང་ན་སྙིང་ལ་ནད་ཞུགས་ཀ་ཞེས་པའང་བདེན་ན་ཐང་།