དུས་རབས་གསར་བའི་དགེ་བཤེས།
ཨ་རིག་དགེ་མཐོང་ལ་བྲིས།
ཟ་ལེ་རྒྱལ་ནས།
དུས་བབ་ཚང་ནས་ཟླ་ངོ་དྲུག་ལ་ཕར་འཁོར་ཚུར་འཁོར་བྱས་བའི་དུས།།
ཧ་ཤང་བླ་མའི་ཤ་ཚུགས་འཛིན་ལ་ཤ་ཚིལ་ཚོན་པོའི་ཁུར་བོ་ཅན།།
ས་གཞི་ལེབ་མོ་ལྗིད་ཀྱིས་ནན་ན་རྒྱ་མཚོའི་རླབས་འཕྲེང་གཡོ་བ་ཡི།།
ངོ་མི་ཤེས་བའི་བླ་རྒན་ཞིག་གིས་ང་ལ་བཟང་སའི་ཐ་སྙད་སྦྱར།།
མཐོང་མ་ཐག་ལ་ཉུལ་མ་ཞིག་གི་ཉམས་འགྱུར་མིན་ན་ཅི་ཡིན་བསམ།།
ཕྱོགས་ཡོང་མགྲོན་པོ་མང་བོས་བསྐོར་ཏེ་ཡ་མཚན་ལྟད་མོ་མཐོང་བར་རེ།།
ད་ནི་འབྲོ་བའི་དུས་ལ་བབ་ཀྱང་མྱི་ཁའི་རྒྱ་ལས་མི་ཐར་བས།།
དམར་ཡག་སྟག་གིས་རྔ་མ་དྲུད་དེ་བྲོས་བའི་ལོ་རྒྱུས་ངས་མ་བརྩམས།།
བཟའ་ཟླ་བུ་ཕྲུག་ཁྱིམ་ལ་བཅུག་ཏེ་ཁྱི་ཕྲུག་དཀར་མོར་སྲུང་དུ་བཅུག།
མདའ་གྲི་མདུང་གསུམ་གྲ་སྒྲིག་བྱས་ཏེ་ནང་སྒོ་གྲུ་བཞིའི་ཉེ་སར་ཉལ།།
རིག་པའི་སོ་བ་སྐྲ་རྩེར་བཟུང་ནས་མགོ་ཟུར་རྣ་བས་ཉན་པ་ན།།
ཨ་རིག་གླེན་པའི་ཚ་བོ་རེད་ཅེས་དྲ་གྲོགས་ཚང་མའི་ཁ་ནས་གོ།
སྡར་མའི་སྙིང་ཁམས་ལྷོད་ལ་བབས་ཏེ་ཆུ་མིག་གོར་མོས་བལྟས་བ་ན།།
ཤ་ཚིལ་ཚོན་པོའི་རྣམ་པར་སྣང་བ་ཕར་ཕྱིན་དྲུག་གི་ཡོན་ཏན་རེད།།
མཛའ་མཐུན་གྲོགས་ཀྱི་ཕྱི་ཐག་རིང་བའི་ཨ་རིག་ཚང་གི་ཨན་ཆུང་རེད།།
ལྷ་ཆབ་སྦྱིན་པས་ཐོག་མར་མཐོང་བའི་དུས་རབས་གསར་བའི་དགེ་བཤེས་རེད།།
ཁ་མཚར་ཀུ་རེ་ཀུན་ལ་མཁས་བའི་ཁ་སྐད་གཙང་མའི་མཁན་པོ་རེད།།
ཁ་སང་དེ་རིང་དྲ་བའི་ཀློང་ན་ཟ་ལེ་རྒྱལ་གྱི་གྲོགས་པོ་རེད
