ཟ་ལེ་རྒྱལ།
ང་རང་སྟོང་འདང་གི་ཞིང་ནས།།
སྙིང་གི་མཛའ་མོ་ལ་འཕྲད་པ།།
དངོས་ཐོབ་དགའ་བདེ་ལ་འཕྲུལ་ནས།།
ཁ་རྗེས་པུས་མོ་ལ་བཞག་སོང་།།
གངས་རི་སྐྱབས།
མཛའ་མོའི་འཛུམ་ཀོང་ན་གཉིད་དེ།།
སྐྱིད་པོ་བསོ་མོ་ཡིས་བཞུགས་སམ།།
དྲ་ལམ་མགྱོག་པོ་འདིའི་ནང་ནས།།
ཡང་ཡང་འཕྲད་པ་འདི་སྐྱིད་ཨང་།།
ཟ་ལེ་རྒྱལ།
སེམས་པའི་གུར་ཁང་གི་ནང་ནས།།
ཨ་མ་མ་ལོ་ཡི་འཕྲོ་ནས།།
མ་བསམ་སེམས་ངོགས་སུ་འཆར་བ།།
མ་གྲོས་རང་མཐུན་མ་ཁྱོད་ཡིན།།
གངས་རི་སྐྱབས།
སྙིང་གི་དཀྱིལ་ཐིག་ནས་འབུས་ཤིང་།།
སྙིང་གི་རུས་རྐང་ལ་བཞད་པའི།།
སྙིང་ཐུབ་ཚེ་རིང་ནི་ལོ་བརྒྱ།།
སྙིང་གི་མེ་ལོང་ངོས་ཤར་སོང་།།
དབང་ཆེན་དཔོན་པོ་ནི་མི་དགོས།།
འབྱོར་ལྡན་ཁེ་བ་ཡང་མིན་ཆོག།
དུང་བ་ལྷུག་ལྷུག་ཏུ་དགོད་པའི།།
བརྩེ་བ་དམར་པོ་དེས་འགྲིག་གྰ།།
ཟ་ལེ་རྒྱལ།
ང་རང་ཕ་ཡུལ་ན་ཡོད་དུས།།
ཤ་ཚིལ་ཚོན་པོ་ལ་རོལ་བཞིན།།
རང་དབང་འཚོ་བ་ཡི་དོན་དུ།།
སེམས་པ་རྒྱ་གར་ལ་འཕུར་མྱོངས།།
ང་རང་རྒྱ་གར་ལ་འབྱོར་ནས།།
རང་དབང་འཚོ་བ་ལ་རོལ་དུས།།
ལྡ་ལི་སྡེར་མ་གང་སྐྱོར་ནས།།
སེམས་པ་རང་ཡུལ་ལ་ལོག་མྱོངས།།
དང་པོ་རྒྱ་གར་ལ་འབྲོ་དུས།།
བརྩེ་བ་རང་དབང་ལ་བརྗེས་ཟིན།།
ད་ནི་ལྷ་ཡུལ་ལ་ཐར་ཡང་།།
ཁྱོད་དང་འབྲལ་ཐབས་རང་མི་འདུག།
ང་ཡི་སྙིང་དབུས་ཀྱི་མཛའ་མོ།།
སེམས་པ་ལྷ་མོ་ལས་བཟང་བ།།
ལྷ་མོ་དབྱངས་ཅན་མའི་སྐུ་ལ།།
གུས་ཕྱག་འཚལ་འཚལ་ནས་ཤེས་སོང་།།
ཨ་ཕ་ཕ་ལོ་ལ་མི་ཉན།།
ཨ་མ་མ་ལོ་ཡང་མི་བརྩི།།
ང་ཡི་གཅེས་ལོ་མ་ཁྱོད་ལ།།
ལོ་ལོ་ཆུང་ཆུང་ཞིག་ཨེ་དགོས།།
ས་ཚིགས་ཞིང་ཚིགས་ཀྱི་བར་ནས།།
ས་ལས་རྡོ་ལས་ལ་རེམ་དུས།།
སེམས་པ་ང་ས་ལ་མ་འཁོར།།
ལག་ཆུང་ཟོ་ར་ཡིས་བཅད་ཡོང་།།
མཐིང་སྨིག་སྦྲ་ནག་གི་འདབས་ཀྱི།།
མཚན་མོའི་ཁྱི་སྐད་ལ་མ་ཉན།།
གྲྭ་ལོག་མ་ལོག་ཚོ་ཡོང་ནས།།
འདོད་ཆགས་བརྩེ་བ་ལ་ནོར་ཡོང་།།
ཟླ་བ་ཁེར་རྐྱང་གིས་བགྲོད་དུས།།
ང་ཡིས་ཟླ་ངོགས་སུ་བལྟས་ཡོད།།
སྐར་མདའ་ཤར་ཕྱོགས་སུ་ལྷུང་བ།།
ང་ཡི་དྲན་གདུང་གི་ཚབ་ཡིན།།
རླུང་གི་རྒྱུ་ཕྱོགས་དང་བརྟུན་ནས།།
ལ་གཞས་ཐུང་ཐུང་ཞིག་བསྐུར་ཡོད།།
རོགས་ལོར་ཁོམ་པ་རེ་བྱུང་ན།།
ལན་པ་ཁུ་བྱུག་ལ་བསྐུར་རོགས།།
གངས་རི་སྐྱབས།
ལུས་པོ་རང་ཡུལ་དུ་གནས་ཀྱང་།།
རྣམ་ཤེས་ཡོ་རོབ་ལ་ཤོར་འགྲོ།།
ལུས་སེམས་སྡུག་བསྔལ་གྱི་ཀློང་ནས།།
ཚེ་འདིར་ཐར་ས་རང་མ་རེད།།
ཁེར་རྐྱང་ཁང་ཁྱིམ་གྱི་ནང་ནས།།
ཚེ་གྲོགས་ཚེ་རིང་ཁྱོད་དྲན་སོང་།།
མི་བདེ་འགྲུལ་བསྐྱོད་ཀྱི་ལམ་བུ།།
གྲི་ཁ་མདུང་ཁ་ན་འཐེན་འདུག།
རྫི་གླུས་འུར་ཆ་ཞིག་བསླེས་ཤིང་།།
གསང་གཏམ་འུར་རྡོ་རང་བྱས་ཏེ།།
དྲན་གདུང་ན་ཟུག་གིས་འཕང་ན།།
ཡ་གླིང་ཡོ་རོབ་ཏུ་ཨེ་འབྱོར།།
ཁ་ཟས་འབྲས་སྐྱ་དང་ལྡ་ལི།།
གྱོན་ཆས་ཕྱི་རྒྱལ་གྱི་རྙ་རྙིང་།།
ཅང་མེད་སྐྱབས་བཅོལ་གྱི་མི་ལ།།
འཚོ་བ་དེ་ཙམ་གྱིས་ལོས་འགྲིག།
གཞོན་པའི་ལང་ཚོ་ཡི་ངར་གྱིས།།
མི་ཐུབ་རྟ་རྒོད་བཞིན་ཤོར་ཐལ།།
རྒས་པའི་རྒད་པོ་ཞིག་ཆགས་དུས།།
བརྩེ་བ་ཡ་ཆུང་ནས་རྙེད་དམ།།
ཁྲ་ཆུང་མིག་ཟུང་གིས་མཐོང་བས།།
སྙིང་རླུང་སྟོད་ལ་རང་འཚང་གི།།
འཁོར་བ་བསམ་ནག་པོ་འདི་ཡིས།།
བློ་ནས་བཟོད་རྒྱུ་ཞིག་མི་འདུག།
ཟ་ལེ་རྒྱལ།
ཡི་གེ་འཁྱར་འཁྱོར་འགའ་སྦྱངས་བས།།
སེམས་པ་འཕྲུལ་སྣང་གིས་ཁུར་ཏེ།།
བརྩེ་བ་རང་འགྲུབ་ཀྱི་མཛའ་མོ།།
གངས་རིའི་ཕ་རོལ་ནས་ལུས་སོང་།།
འཆི་བ་མགོ་ཐོག་ལ་བབས་པ།།
འཁོར་བའི་ཆོས་ཉིད་དུ་མཐོང་ཡང་།།
མ་ཤི་གསོན་བྲལ་དུ་སོང་བར།།
འགྲེལ་བཤད་གང་ནའང་མི་འདུག།
བརྩེ་བའི་དམ་ཚིག་གི་མདུད་པ།།
ད་དུང་སེམས་ཁུང་ན་ལྷོད་མེད།།
གྱེས་ཁའི་སླར་མཇལ་གྱི་སྨོན་ཚིག།
ད་དུང་རྣ་ལམ་ན་ཡལ་མེད།།
འདས་བའི་ལོ་ཟླ་འདིའི་རིང་ལ།།
ལུས་འབྲེལ་གང་མང་ཞིག་བྱུང་ཡང་།།
ལག་པ་བྲང་ཁ་ལ་བཞག་ནས།།
སེམས་འབྲེལ་སུ་ལའང་བྱས་མེད།།
སེམས་པ་ལག་མཐིལ་ལ་བླངས་ནས།།
སྙིང་གི་འཕར་ལྡིང་ལ་ཉན་དུས།།
ཨ་མཉམ་ཆ་མཉམ་གྱི་བརྩེ་བར།།
གཡོ་བཟུར་མེད་པ་དེ་དྲན་ཨང་།།
ཨ་ཅེ་མཛེས་མ་ཚོར་འགྲོག་ནས།།
ཟ་འཐུང་སྣ་ཚོགས་ལ་རོལ་ཡང་།།
ང་ཡི་མཛའ་མོ་ཁྱོད་མེད་ན།།
ཨ་ན་མ་ན་ཞིག་མ་རེད།།
གངས་རི་སྐྱབས།
འཕྲིན་པ་ཁ་ཡག་རེ་འབྱོར་ནས།།
ཉིན་སྒུག་མཚན་སྒུག་རང་བྱས་ཡིན།།
ཞལ་ངོ་མཇལ་རྒྱུ་རང་མེད་ལ།།
སེམས་པ་ཨ་ཐང་རེ་ཆད་མྱོང་།།
གཡང་སྡེའི་ཕྱུག་མོ་ཡི་ནང་ན།།
སྟག་ཤར་སྣང་འགྲོ་རེ་མང་ཡང་།།
ཁྱེད་ལ་དུངས་པ་ལས་ལྷག་ཅིག།
སུ་ལ་དུངས་ས་ཡང་མ་རེད།།
ལྷ་ཕྱག་གསོལ་བ་རེ་བཏབ་སྟེ།།
འུ་གཉིས་འཕྲད་པ་རེ་བྱུང་ན།།
མྱི་ཚེ་གོ་མཐའ་ནས་རྒས་ཀྱང་།།
འགྱོད་པ་སྤུ་ཙམ་ཡང་མི་སྐྱེས།།
ཆ་མེད་རྒྱུས་མེད་ཀྱི་ཡུལ་གྲུར།།
དཀའ་ལས་མང་ཚུལ་དེ་གོ་ན།།
གློ་སྙིང་སྟེང་འོག་རེ་བརྗེ་བའི།།
དྲན་པ་ན་ཟུག་ལ་བརྡབས་སོང་།།
ལོ་ཟླས་ན་ཚོད་རང་རྒས་ཀྱང་།།
སེམས་པ་ཁ་མལ་ན་རྒས་མེད།།
ཁ་ངོ་ཐུག་རྒྱུ་རེད་བསམ་དུས།།
ཉིན་གྱི་ངལ་དུབ་ནི་བརྗེད་འགྲོ།།
དགུང་གི་སྐར་ཚོགས་ལ་ལྟོས་དང་།།
སྐར་ཆེན་རེ་སྒུག་གི་མིག་ཡིན།།
མཐིང་སྨུག་སྦྲ་ཆུང་གི་ནང་ནས།།
གསོན་འཕྲད་བྱུང་ན་རང་བསམ་ཡོད།།
ཉིན་ལས་དཀའ་ཚེགས་ཀྱི་ངལ་བས།།
གཉིད་ཀྱིས་མགོ་ལངས་ཏུ་རྒྱག་ཞོར།།
སྟབས་བདེ་གོ་བདེ་ཡི་མགུར་འདི།།
དྲ་སྟེང་ཤར་མར་དུ་བྲིས་སོ།།
ཟ་ལེ་རྒྱལ།
སེམས་པ་ཕ་ཡུལ་ལ་ཕྱོགས་ནས།།
སྡོང་མགོ་མཐོན་པོ་ལ་བལྟས་ཏེ།།
སེམས་གཏམ་ཁུ་བྱུག་ལ་བཤད་སྐབས།།
མིག་ཆུ་ཁ་ནང་ལ་ལྷུང་སོང་།།
ང་ཡི་སྙིང་ཁུང་གི་མཛའ་མོས།།
ས་ཞིང་རྨོ་འདེབས་ལ་རེམ་དུས།།
ཡུར་ཆུ་མིག་ཀོང་ལས་བཞུར་བ།།
ང་ཡིས་ཡོ་རུབ་ནས་གོ་སོང་།།
ལག་པ་བྲང་ཁ་ལ་བཞག་ནས།།
དྲན་པ་ནང་ལོག་ལ་བཀུག་ན།།
ས་ཡི་ལྷ་མོ་ཁྱོད་མ་གཏོགས།།
ནམ་མཁར་ལྷ་མོ་ཞིག་མི་འདུག།
འཇིགས་པ་བརྒྱ་སྐྱོབས་མའི་མདུན་ནས།།
པུས་མོ་ཐེངས་མང་ལ་བཙུགས་ཀྱང་།།
དྲན་གདུང་ལོ་ཟླ་ཡི་ཐོག་ལ།།
ལས་ཀྱི་འགྲེལ་བཤད་ཅིག་བསྣན་སོང་།།
ལས་ཀྱི་ཐུག་འཕྲད་དེ་མེད་ན།།
དྲན་གདུང་བཟོད་ཐབས་རང་མི་འདུག།
བརྩེ་བའི་མདུད་པ་འདི་གཅོད་ཕྱིར།།
བརྗེད་ཟས་བརྗེད་ཆུ་ཞིག་བསྐུར་རོགས།།
གངས་རི་སྐྱབས།
ནགས་ཀློང་ཁུ་བྱུག་གི་གསུང་སྙན།།
དཔྱིད་ཀྱི་སྤང་གཞུང་ནས་གྲགས་པ།།
ཚེ་གྲོགས་རྒྱང་རིང་གི་མགྲོན་པོར།།
དུས་ཀྱི་བསུ་མ་རང་ཡིན་འདུག།
སྡོང་མགོའི་ལོ་སྐམ་འདི་འཐོར་ཚེ།།
ཡིད་སེམས་སྐྱོ་སྨྲེང་གིས་གཟེར་གི།།
སྙིང་སྡུག་ཁུ་ལོ་བཞིན་གྲགས་དུས།།
མི་འཆི་སྲོག་དབུགས་རེ་བསྣན་ཡོང་།།
ཁྲུང་ཁྲུང་ལྷོ་མཐའ་རུ་འཕུར་ནས།།
སྒྲོ་སྤུའི་མཛེས་སྡུག་ནི་ཉམས་མེད།།
ང་དང་དགུང་སྔོན་གྱི་སྐར་ཆེན།།
མི་ཚེ་འཁྲེང་ཞེན་གྱིས་རྒས་སོང་།།
བརྗེད་མེད་དྲན་ཤིང་གི་གཅེས་ལོ།།
ནད་མེད་ཚེ་རིང་གིས་འཚོ་དགོས།།
འཚོས་ནས་བྱ་བཞག་དེ་འགྲུབ་ན།།
ཁྱིམ་མི་ལྷན་འཛོམས་རེ་ལོས་བྱུང་།།
ཕ་ཡུལ་གངས་དཀར་གྱི་དབུས་ན།།
སྦྲ་ཁྱིམ་སྨུག་པོ་འདིས་སྒུག་ཡོད།།
སྟག་ཤར་རང་སྡེ་དང་བྲལ་ཡང་།།
འཁོར་ས་རང་ཁྱིམ་འདི་དཔེ་ཡིན།།
མི་ཁ་ལྷགས་རླུང་ལས་རྩུབ་ཀྱང་།།
འདང་བརྩེའི་སྒྲོག་གུ་འདི་མི་ཆོད།།
ཆུང་འདྲིས་བྱམས་པ་ཡི་ཁ་དན།།
ཤ་གསེང་རུས་གསེང་ལ་ཉར་ཡོད།།
ཟ་ལེ་རྒྱལ།
སྦྲ་རྒན་མཐིང་སྨུག་གི་ཟུར་ནས།།
ཆར་ཆུའི་ཐིགས་པ་དང་མཉམ་དུ།།
སྙིང་གཏམ་རྨ་འབྲི་ལས་མང་བའི།།
བརྩེ་བའི་གཙང་བོ་དེ་དྲན་ཨང་།།
ལན་རེར་ལུག་མཐའ་ནས་ཉལ་ཏེ།།
མཚན་མོའི་ལྷང་འཇགས་དང་མཉམ་དུ།།
སྙིང་གཏམ་སྐར་ཚོགས་ལས་ངམ་བའི།།
བརྩེ་བའི་ནམ་མཁའ་དེ་དྲན་ཨང་།།
མཉམ་ཟ་མཉམ་འཐུང་གི་སྐལ་བར།།
ཁྱོད་དགའ་ང་སྐྱིད་ཀྱི་འཚོ་བར།།
བརྒྱ་བྱིན་ཕྲག་དོག་གིས་བཟི་ནས།།
ཕ་སའི་རྩྭ་ཐང་ལ་ལྷུང་སོང་།།
འཇིགས་པ་བརྒྱ་སྐྱོབས་ཀྱི་ལྷ་མོ།།
བརྩེ་བ་སྟོང་ལྡན་གྱི་མཛའ་མོ།།
བཀའ་དྲི་མཚུངས་མེད་ཀྱི་མ་ལོ།།
སེམས་པའི་ཁྲི་སྟེང་ན་གཅིག་ཡིན།།
མ་ནི་མ་ལོབ་པའི་ཁ་ལ།།
ལ་གཞས་རང་ཤུགས་ཀྱིས་གོམས་པ།།
སྡུག་གཏམ་གྲིབ་མ་ལ་བཤད་པའི།།
ལོ་ཐོག་ཟླ་བརྩེགས་དེའི་སྐྱོན་ཡིན།།
དྲན་གདུང་ཆུ་འཛིན་གྱི་འདབ་མ།།
ཡིད་ཀྱི་ནམ་མཁའ་ནས་འཕྱུར་ཏེ།།
མཆི་མ་ཆར་རྗེས་ཀྱི་ཤ་མོ།།
མཁུར་གྱི་སྤང་ཐང་ནས་བཞད་སོང་།།
དྲན་གདུང་དགུ་བརྩེགས་ཀྱི་ལོ་ཟླ།།
རྩམ་སྐྱ་ཆུ་བརྫིས་ཀྱི་འཚོ་བ།།
ད་ནི་རང་གཤིས་སུ་གྲུབ་པས།།
དེ་འང་སྐྱིད་སྐྱིད་འདྲ་མཐོང་སོང་།།
བཙུན་མོ་སྟོང་ཕྲག་གིས་བསྐོར་བའི།།
ཆགས་པའི་རྒྱལ་བོ་དེ་མིན་ཡང་།།
རྒྱ་སྤྲང་གད་འོག་ན་འཚོ་བའི།།
བརྩེ་བའི་རྒྱལ་བོ་དེ་ང་ཡིན།།
གངས་རི་སྐྱབས།
མར་མེའི་འོད་ངོགས་ཀྱི་གདོང་རས།།
རྟག་བརྟན་འགྱུར་མེད་ཅིག་ཡིན་ཡང་།།
ཕྱི་ནང་བར་ཆད་ཀྱི་རྐྱེན་འདི།།
བཟློག་པའི་བློ་ཐབས་ཞིག་མི་འདུག།
འདོ་བའི་གྲུག་ཤ་འདི་གང་ནས།།
སྟག་ཤར་རྟ་གོང་ན་མཛེས་དུས།།
ང་ཡི་ཚེ་གྲོགས་ཀྱི་བཞོན་རྟ།།
གསེར་ལུང་སྤང་ཁུག་ན་ལུས་འདུག།
གངས་རིའི་ཕར་ཚུར་གྱི་ལུས་པོ།།
སེམས་པ་ཡུག་གཅིག་ཏུ་སྦྲེལ་ཡོད།།
གཏིང་སེམས་འོ་ཞོ་བཞིན་ཆགས་ན།།
བསམ་དོན་ལྷུན་གྱིས་རང་འགྲུབ་བོ།།
ཟ་ལེ་རྒྱལ།
རང་དབང་གཞན་ཡུལ་ནས་མ་འཚོལ།།
ཨ་མ་རང་ཡུལ་ནས་ལྷག་འགྲོ།།
འཕྲུལ་སྣང་ཆུང་དུས་ནས་མ་སྐྱེས།།
མཛའ་མོ་ལྷས་འདབས་ནས་ལུས་འགྲོ།།
མཛའ་མོ་ཟླ་ངོགས་སུ་མི་མཐོང་།།
སྙིང་གཏམ་ཆར་སྤྲིན་ལས་མི་འབབ།།
ཐུག་འཕྲད་མི་ཚེ་ལ་མི་ཡོང་།།
རེ་བ་ཚེ་མཇུག་ལ་མི་འཆི།།
རྣམ་ཤེས་བེམ་པོ་དང་བྲལ་ཡང་།།
བརྩེ་བ་རྣམ་ཤེས་དང་མི་འབྲལ།།
ཐུག་འཕྲད་རི་ཆུ་ཡིས་བཅད་ཀྱང་།།
རེ་བ་རུམ་ཁ་ནས་མི་ཡལ།།
སྙིང་གི་དགའ་མ་ཁྱོད་ལོས་དྲན།།
སྒོ་ཁྱི་རྒྱ་སྟག་ཀྱང་དྲན་གི།
སྙིང་གཏམ་དྲོན་མོ་དེ་ལོས་དྲན།།
ངུ་ངག་ཕྲ་མོའང་དྲན་གི།
ལྟོགས་སྐོམ་མགོ་ཐོག་ལ་བབས་དུས།།
སྡུག་གཏམ་ངག་སྒོ་ནས་མ་ཤོར།།
དྲན་པའི་གདུང་བ་ལ་འཐབ་དུས།།
མིག་ཆུ་ཐིགས་པ་འགའ་འཐོར་སོང་།།
དྲན་གདུང་དྲ་ངོས་སུ་བཤམས་པ།།
དྲ་གྲོགས་གྲྭ་བ་ཚོས་མཐོང་ནས།།
བརྩེ་བ་རྟག་པ་རེད་ཟེར་བཞིན།།
ལུང་རིགས་དྲ་ལམ་ནས་འགག་སོང་།།

-
#1
ས་ཚིགས་ཞིང་ཚིགས་ཀྱི་བར་ནས།།
ས་ལས་རྡོ་ལས་ལ་རེམ་དུས།།
སེམས་པ་ང་ས་ལ་མ་འཁོར།།
ལག་ཆུང་ཟོ་ར་ཡིས་བཅད་ཡོང་།།
མཐིང་སྨིག་སྦྲ་ནག་གི་འདབས་ཀྱི།།
མཚན་མོའི་ཁྱི་སྐད་ལ་མ་ཉན།།
གྲྭ་ལོག་མ་ལོག་ཚོ་ཡོང་ནས།།
འདོད་ཆགས་བརྩེ་བ་ལ་ནོར་ཡོང་།།
ཟླ་བ་ཁེར་རྐྱང་གིས་བགྲོད་དུས།།
ང་ཡིས་ཟླ་ངོགས་སུ་བལྟས་ཡོད།།
སྐར་མདའ་ཤར་ཕྱོགས་སུ་ལྷུང་བ།།
ང་ཡི་དྲན་གདུང་གི་ཚབ་ཡིན།།
རང་དབང་གཞན་ཡུལ་ནས་མ་འཚོལ།།
ཨ་མ་རང་ཡུལ་ནས་ལྷག་འགྲོ།།
འཕྲུལ་སྣང་ཆུང་དུས་ནས་མ་སྐྱེས།།
མཛའ་མོ་ལྷས་འདབས་ནས་ལུས་འགྲོ།།
ཨ་ཨ་ཨ། ཡག་པ་ཁ་ཤས་འཐུ་རྒྱུ་ཡོད་ཁུ་ར། ད་རུང་དུས་ཚོད་མེད་ཁུ།
