ཕྱིར་དྲན།

 

སྙན་ངག་འབྲི་བའི་འདོད་འདུན་ཞིག་གིས།། ཨུ་ཚུགས་བྱས་བའི་རི་མོ་མིན་པར།།

དབྱར་ཟླ་དྲུག་པ་དྲན་པའི་སྣང་བརྙན།། རང་བྱུང་རི་མོའི་གཟུགས་སུ་ཤར་བ།།

ཨ་ཁུ་འབྲོག་པས་ཞིབ་ཏུ་ལྟོས་ར། །  ཤ་དང་མར་གྱི་བྲོ་བ་མེད་ཀྱང་། །

རྡ་ལི་སྡེར་མ་གང་གི་ཞིམ་ཡིན། །

དབྱར་ཟླ་དྲུག་པ་དྲན་ན་སྡུག་གི།  དབྱར་ས་མཐོང་སྨོན་ཡིད་ལ་ཡོང་གི།

མེ་ཏོག་གསེར་ཆེན་མང་བོའི་ནང་ནས། ། ཐུའུ་དཀར་འབྲི་མོའི་ངུར་སྒྲ་གོ་གི།

 

རྫ་རི་སྨུག་པོའི་བང་རིམ་བར་ནས། །  ཀླུ་མོ་ཡག་གིས་ལ་གཞས་ལེན་བཞིན།

བལ་དཀར་འུར་ཆའི་འུར་ལུང་ནང་ལ། །  གོང་མཛུབ་ཕྲ་མོའི་ལྕགས་ཀྱུ་བརྒྱུས་ཏེ། །

འུར་མཐིལ་ཀོ་བ་ལེབ་མོའི་ཐོག་ལ། །  འུར་རྡོ་ནར་མོ་འཕྲེད་ཀྱིས་བཞག་རྗེས། །

གོང་མཛུབ་དཀྱིལ་མཛུབ་གཉིས་ཀའི་བར་ལ། ། མ་མཆོག་ཕྲ་མོའི་སྣེ་མོ་བཟུང་རྗེས། །

མགོ་རས་གྲུ་བཞིའི་སྣེ་མོ་གཡས་པ། །  དབུ་སྐྲ་སླས་མའི་སྟེང་དུ་གཡུགས་ཏེ། །

སྤང་རི་གཟར་མོའི་ས་གཞིའི་ངོས་སུ། །  གཡས་བརྐྱངས་གཡོན་སྐུམ་ཞབས་ཀྱིས་མནན་ཏེ། །

ཤུགས་ཀྱིས་བསྐོར་ཏེ་ལྷོད་ཀྱིས་འཕངས་ཚེ། །  གནམ་ལྕགས་ཐོག་གི་སྒྲ་དང་ལྷན་དུ། །

རི་བོའི་ཤར་ལྷོ་ནུབ་བྱང་བཞི་ནས། །  ཤ་བ་གླ་བ་དགོ་བ་ལ་སོགས། །

རི་སྐྱེས་རི་དགས་གཅན་གཟན་ཚང་མ། ། ཅིག་ཅར་འགྲོགས་པའི་སྒྲ་དང་ལྷན་དུ། །

གཡང་དཀར་ལུག་གི་འབའ་སྒྲ་གོ་གི། 

དགོ་དགོ་འབྲི་མོའི་བཞོ་དབྱངས་སྙན་མོ། །  ཁུ་བྱུག་སྔོན་མོའི་དབྱངས་རྟར་འགྲོག་ནས། །

ཉི་མ་སེར་བོའི་ཕྱིར་མིག་དང་བཅས།    ནུབ་རི་མཐོན་པོའི་རྒྱབ་ཏུ་ཡལ་རྗེས། །

སྦྲ་ནག་ས་དཀརཐབ་ཀའི་ནང་ན། །  ལྷེམ་ལྷེམ་འབར་བའི་མེ་ལྕེ་འོག་ནས། །

བསོད་ནམས་སྒྲོལ་མའི་ངོ་གདོང་རིག་གི། 

ལྷས་ར་མེ་ཏོག་སྟོང་ལྡན་ནང་ན། གཡང་དཀར་ལུག་གིས་སྐྱུགས་ལྡད་བྱེད་པ།།

ལྡོག་འཕྲོའི་འོད་ཀྱིས་མཁའ་ལ་ཤར་དུས།། ཁྱི་རྒན་རྒྱ་ལིའི་ཟུག་སྐད་དང་བཅས།།

སྦྲ་ནག་གྲུ་བཞིའི་གྲུ་ཁ་ཞིག་ནས། ། གཉིད་མ་སད་ཀྱི་ཁ་བརྡའི་བར་ནས།།

ཀུན་བཟང་མཚོ་མོའི་སྙན་གཏམ་གོ་གི།

མངོན་བརྗོད་བརྡ་རྙིང་སྐད་ཀྱིས་ལྷོད་དེ།། ཁ་སྐད་གཙང་མའི་སྙིང་གཏམ་འབྲི་དུས།།

ཀ་ཁ་སློབ་པའི་གོ་སྐབས་ཤོར་ཡང་།། ཀུ་རེ་གཏམ་གྱི་སྙན་ངག་མང་བའི།།

སྙིང་མོ་ཡག་གི་ཉལ་སའི་ནང་ནས།། ཕར་བཤད་ཚུར་བཤད་ཚིག་གི་བར་ནས། །

རྨི་ལམ་གཉིས་ཀྱི་སྣེ་མོ་མཐུད་དེ།། བརྩེ་བ་གཅིག་ལ་སྨོན་ལམ་བཏབ་པའི།།

ཕོ་ལོ་ཤུ་ཉིའི་འཚོ་བ་དྲན་གི།

 

 

དབྱར་ཟླ་དྲུག་པའི་མཚན་མོ་ཞིག་ལ།། རྡོ་ལོག་ཁ་ཤས་རུམ་ལ་བཅུགས་ནས།།

སྒོ་ཁྱི་བཙན་པོའི་འཇིགས་པ་ཆེ་ཡང་།། བྱམས་ཐར་སྐྱིད་ཀྱི་ཞེ་འདང་བསམ་ནས།།

སྙིང་ཆུང་རྐུན་མའི་ངང་ཚུལ་དང་བཅས།། གོམ་པ་རེ་རེ་མདུན་དུ་སྤོ་སྐབས།།

ཨ་ཕ་གཅོད་པ་གཉིད་ལས་སད་དེ།། ཨ་ཕ་ཨ་མའི་མཚང་ནས་འབོད་བཞིན།།

མྱི་ཁྱི་གཉིས་ཀའི་ར་མདའ་སླེབས་དུས།། ར་ལུག་ཉལ་སའི་ར་བ་ཞིག་ནས།།

རེ་ཞིག་སྐུང་བའི་ངང་ཚུལ་དྲན་ན།། ད་དུང་སེམས་ལ་ཞེ་སྡང་ལང་གི།

 

སྙིང་སྡུག་བུ་མོའི་སྙིང་གཏམ་མ་དགོས།། སུག་བཞི་ཞིག་གི་སུག་རྗེས་མེད་སའི།།

གྲོང་ཁྱེར་ཆེན་པོ་ཕ་རེ་སི་ནས།། ཁང་བརྩེགས་མཐོན་པོ་ཞིག་གི་ནང་ནས།།

སྒོ་དང་སྒེའུ་ཁུང་མང་བོ་བརྒྱུད་དེ།། སྐར་མ་མེད་པའི་ནམ་མཁར་བལྟས་ན།།

ཉལ་ཆས་མཐུག་པོས་མགོ་བོ་བཏུམ་ནས།། ཉིན་མཚན་མེད་པར་ངུ་ན་འདོད་ཀི།

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།