བརྩེ་དུང་ལ་ཕྱི་ཤུན་ཡོད།

གྲོགས་པོ་རྨ་དུག་ལྕེའི་སྙན་ངག་ང་དང་རྒྱང་རིང་གི་ཆུང་ལོ་བཀླགས་རྗེས།

 

གཡོ་དང་རྫུན་གྱི་གཡའ་ཆུ་རྟག་ཏུ་འཁྱུལ་བའི།།

མགོ་ལྐོགས་སྐམ་པོའི་ནང་གི་མིག་ཆུ་དེ་ནི།།

བརྩེ་བ་ངོ་མ་ཞིག་གི་མཚོན་རྟགས་མིན་པས།།

ཕོ་གསར་སོ་མ་དག་གིས་སེམས་ཆུང་བྱེད་རོགས།།

 

རང་རང་ལས་ཀྱི་ཐོད་པའི་ཁ་ཡིག་མིན་ན།།

མནའ་ཚིག་སྟོང་གིས་བཏགས་པའི་དོམ་ནག་སྨྱོན་པ།།

རང་སེམས་གཙང་མའི་ཕུགས་སུ་བཙན་གྱིས་བཅུགས་ཀྱང་།།

གློ་དང་མཆིན་པའི་སྟེང་ལ་མཆེ་བ་བཙུག་ཡོང་།།

 

ཞིམ་པོ་མངར་མོ་ཟ་བའི་འདོད་འདུན་ཆེ་ལ།།

ལུས་ཚེགས་སེམས་ཚེགས་བྱེད་པའི་གོམས་གཤིས་མེད་པའི།།

རོ་ཤུན་འཇམ་པོ་དེ་ཡི་ལྡེབ་བརྩེགས་བར་ན།།

གཅིན་སྐྱག་རྒྱ་མ་འགའ་ལས་ཅི་ཡང་མི་འདུག།

 

ཕོ་གསར་བརྒྱ་ལ་བརྩེ་བ་མཉམ་དུ་ཤོར་བའི།།

ན་ཆུང་བུ་མོ་བརྩེ་བ་སྟོང་ལྡན་ཞིག་ལ།།

སྒེར་བདག་བརྩེ་བ་ཅན་གྱི་ཕོ་གསར་དག་གིས།།

དམར་བོ་སྙིང་གི་ཁ་དོག་སྟོན་རྐྱང་མ་བྱེད།།

 

ཕྱུག་བདག་ཚང་གི་སྒོ་ལ་ཡང་ཡང་ལྟ་བཞིན།།

མུག་ཁྱིམ་གྲུ་བཞི་འདི་ལ་དྲོད་ཁོལ་མི་འདུག།

མི་ཚེ་འདི་ལྟར་ཡོང་ས་མ་རེད་ཟེར་ན།

མ་འདུག་མྱུར་དུ་ཕེབས་ཞེས་ལམ་འཇུག་བྱེད་རོགས།།

 

རྩམ་སྐྱ་ཆུ་རྫིས་འཆད་པའི་སེམས་ཁུར་མེད་པར།།

རྟག་ཏུ་གསེར་དང་དངུལ་གྱི་ལོ་རབས་བཤད་ན།།

ཨ་སྟག་ལྷ་མོ་ཁྱོད་ལ་དབང་རྟགས་མིན་པས།།

མི་རྟག་བརྩེ་བ་དེ་ལ་ཡིད་ཆེས་མ་བྱེད།།

 

ཁྲག་ལ་གཅེས་ནས་གཡག་ལ་གཅེས་ཤིང་འཕྲུག་ན།།

ཤ་ཟད་རུས་བར་ཐུག་པའི་གཡག་རྒན་དག་གིས།།

དུང་སོ་སུམ་ཅུའི་བར་གྱི་བརྩེ་བ་དེ་ལ།།

ཤེས་ཤེས་མེད་ལ་སྲོག་གི་འགྲོ་སོང་མ་གཏོངས།།

 

མོ་ལུས་འདི་ཡི་བདག་པོ་ཁྱོད་ལས་མེད་ཅེས།།

ཕོ་ཡག་སྟོང་ལ་བཤད་པའི་བསྐྱར་བཟློས་དེ་ལ།།

འཇིག་རྟེན་རྒད་པོ་ཡིད་ནག་གཏིང་ནས་ཆད་སོང་།།

མོ་ཡག་བུ་མོས་ཐབས་ཤེས་གཞན་ཞིག་འཚོལ་རོགས།།

 

རང་གི་བརྩེ་བ་གཙང་མ་ཡིན་པའི་རྟགས་སུ།།

རིགས་འདྲ་མཚུངས་འདྲ་ཀུན་ལ་བཤད་རྒྱུ་ཡོད་ཀྱང་།།

དྲི་བའི་སྟེང་ལ་དྲི་བ་བརྩེགས་ནས་དྲིས་ན།།

མིག་ཆུ་མ་གཏོགས་མཛེས་མར་དྲིས་ལན་ཨེ་ཡོད།།

 

ཁ་སང་ཡིན་ཡིན་འདྲ་བའི་བརྩེ་བ་དེ་ནི།།

དེ་རིང་ཅི་ཡང་མིན་པའི་སྣང་ཚུལ་མཐོང་ན།།

ང་ཚོ་ཚང་མ་ཐམས་ཅད་མཁྱེན་པ་མིན་པས།།

སང་ཉིན་ཅི་འབྱུང་ཁྱོད་ཀྱིས་ཡིད་ཚོད་ཨེ་ཐུབ།།

འདོན་སྤེལ།: ༢༠༡༠/༠༦/༡༡

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།