སློབ་གྲྭར་མ་སོང་ན་སྲ།།

ཡི་གེ་མ་ཤེས་ན་སྐྱིད།།

ཨ་ཁུ་འབྲོག་པས་འབྲི་ཀློག་མི་ཤེས་ཀྱང་།།

ཁ་རྒྱབ་གཉིས་ཀའི་དཀའ་ངལ་ཡངས་མོ་རེད།།

ག་དུས་ཡིན་ན་ཧ་ཧ་ཧོ་ཧོ་རེད།།

ང་ཁྱོད་མེད་པར་སེམས་པ་གཙང་མ་རེད།།

 

 

དགོན་པར་མ་སོང་ན་སྲ།།

བློ་སྒོ་མ་ཕྱེ་ན་བཟང་།།

བདེན་པ་བཞི་ལ་ངོ་ཤེས་བསྒྲིགས་པ་ནས།།

སྡུག་བསྔལ་བདེན་པའི་འགྲོ་རོགས་འདུག་རོགས་བྱས།།

བདེ་སྡུག་གཉིས་ཀའི་རྩ་བ་མ་བསྔོགས་པའི།།

ཨ་ཁུ་འབྲོག་པ་དེ་ཚོ་སྐྱིད་པ་ལ།།

 

ལོ་རྒྱུས་མ་སྦྱངས་ན་སྲ།།

རང་གཞན་མ་ཤེས་ན་བཟང་།།

ལོ་རྒྱུས་རིང་མོའི་རྒྱབ་ལྗོངས་བསྔོགས་པ་ནས།།

རང་གཞན་གཉིས་ཀའི་ས་མཚམས་རིང་དུ་གྱེས།།

རང་གི་ཨ་ཕའི་ཨ་ཕ་མི་ཤེས་བའི།།

ཨ་ཁུ་རོང་བ་དེ་ཚོ་སྐྱིད་པ་ལ།།

 

རྒྱལ་ཁམས་མ་མཐོང་ན་སྲ།།

སེམས་པ་མ་འགྱུར་ན་བཟང་།།

སེམས་པ་འགོང་བོ་མིག་གི་ལྟད་མོས་བསླུས།།

མི་ཡི་བརྩེ་བ་ཧམ་པའི་གཡོག་ཏུ་གྱུར།།

ཀ་ཁ་སློབ་པའི་གོམས་གཤིས་མ་འཇགས་པའི།།

ཨ་ཅེ་འབྲོག་མོ་དེ་ཚོ་སྐྱིད་པ་ལ།།

 

མི་ལ་མ་འདྲིས་ན་སྲ།།

ཟོག་དང་མ་བྲལ་ན་བཟང་།།

རང་གི་མགོ་ལ་གཞན་གྱིས་བརྡུང་ན་བརྡུང་།།

བརྡུང་བའི་ན་ཟུག་སེམས་ཀྱིས་མི་ཚོར་བར།།

ད་དུང་གྲོགས་ཀྱི་བརྩེ་བ་མི་ལྷོད་པའིི།།

ནོར་རྫི་ལུག་རྫི་དེ་ཚོ་སྐྱིད་པ་ལ།།