ལབ་རྒྱག་གི་ཤོག།

ས་ཡི་གོ་ལ་འདི་ཐེངས་གསུང་བསྐོར་ན་ཡང་།།

སྐྱིད་པོ་བདེ་མོ་ཞིག་མིག་གིས་མ་མཐོང་ལ།།

སྙན་མོ་བསོ་མོ་ཞིག་རྣ་བས་མ་གོ་བས།།

ང་ཡི་ཟིན་བྲིས་འདི་བདེ་སྐྱིད་གཉིས་འཛོམས་རེད།།

 

དབུལ་ཕྱུག་གཉིས་ཀ་ལ་མེད་མུག་ལུང་ནག་གང་།།

མི་བསོ་མི་སྐྱིད་རབས་མ་ནི་འདོན་འདོན་རེད།།

ཨ་རག་བཙན་པོ་ཞིག་འཐུང་བཞིན་ལྷོད་ལྷོད་ངང་།།

ཧ་ཧ་ཧོ་ཧོ་ཞེས་ང་རང་སྐྱིད་པོ་རེད།།

 

སྲིད་འབྱོར་རིག་གསུམ་གྱི་རྒྱུ་མ་སྟོང་བ་དང་།།

སྒྱུ་རྩལ་རྩོམ་རིག་གི་གློ་མཆིན་སྐམ་པ་ཡི།།

བོད་པ་སྐྱབས་བཅོལ་བའི་དྲ་བའི་གྲུ་ཟུར་ནས།།

ང་ཡི་ཟིན་བྲིས་འདི་རྒྱ་སྤྲང་དཔོན་པོ་རེད།།

 

ཚོང་བ་ཚོན་པོ་དང་མཁས་བ་ཆེན་པོ་ཚོ།།

དྲ་བའི་རིག་གནས་ལ་ད་དུང་མ་གོམས་པས།།

གྲྭ་བ་ཆོས་མེད་དང་ཁྱིམ་པ་ཡུལ་མེད་ཚོར།།

ང་ཡིས་སྒྱུ་རྩལ་གྱི་མཇལ་ཁ་འཇོག་གིན་ཡོད།།

 

སྒྱུ་རྩལ་རྩོམ་རིག་གི་ལྷ་མོ་འགུག་འདོད་དེ།།

ཚིག་རྒྱན་སྙན་ངག་གི་སྐེ་རྒྱན་བསྒྲིགས་པ་དེ།།

བ་ལང་བོང་བུ་ཡི་རྔ་མར་འོས་བ་ལས།།

ང་ཡི་སྒྱུ་འཕྲུལ་མའི་སྐེ་ལ་མ་འདོག་རོགས།།

 

 

མི་ཚེ་ཐུང་ཐུང་ལ་ཚད་ཤིང་རིང་བོ་དང་།།

རྒྱུ་ནོར་ཉུང་ཉུང་ལ་ཧམ་པ་ཆེན་པོ་སོགས།།

སྡུག་སྨྲེ་ལུང་བ་གང་དྲ་བར་བཤམས་པ་ལས།།

ང་ཡི་ཟིན་བྲིས་འདི་ཁ་གཙང་སྣ་གཙང་ཡིན།།

 

མཁས་བ་དཔེ་མེད་ལ་མཁས་བའི་བདེ་སྐྱིད་དང་།།

བླུན་པོ་ཡ་མེད་ལ་བླུན་པོའི་བདེ་སྐྱིད་ཡོད།།

མཁས་བླུན་བར་མ་ཚོར་ཅི་ཡང་མི་འདུག་པས་།།

ང་ཡི་ཟིན་བྲིས་འདི་ཁྱོད་ཚོའི་རྔན་པ་བྱོས།།

 

རྒྱ་སྤྲང་ས་ཁུང་འདི་སྒྱུ་རྩལ་ངོམ་ས་དང་།།

མེད་པོའི་གཅེས་ཕྲུག་གིས་ཁ་རྒྱགས་བཤད་ས་ཡིན།།

བོན་རྒྱའི་བླ་རྒན་ལ་ཐུག་ན་ཤོད་ལ་ཐོངས།།

ང་ཡི་ཟིན་བྲིས་འདི་ཟིན་བྲིས་རྒྱལ་བོ་ཡིན།།

 

དུས་བབ་ཀྱི་དྲ་བའི་གྲུ་ཟུར་ན།།
ཟ་ལེ་ངས་ཟིན་བྲིས་བཞེང་གིན་ཡོད།།
སྒྱུ་རྩལ་གྱི་ལྷ་མོ་འགུག་གིན་ཡོད།།
ངག་རིག་གི་སྟོན་མོ་བཤམ་གིན་ཡོད།།

དབྱངས་ཅན་མའི་དབྱངས་ལ་ཉན་དུ་ཤོག།
སྒྱུ་འཕྲུལ་མའི་འགྲམ་ཆང་འཐུང་དུ་ཤོག།
སྒྱུ་རྩལ་གྱི་ལྟད་མོར་བལྟ་རུ་ཤོག།
རྩོམ་རིག་གི་རྩེད་མོར་རོལ་དུ་ཤོག།

བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་ན།།
ཁ་རྒྱགས་ཀྱི་ཁུག་མ་ཞབས་མེད་ཅིག།
དྲན་དྲན་གོ་ནང་ལ་སྐྱུག་གིན་འདུག།
བསྐྱུགས་བསྐྱུགས་གོ་ཞབས་ན་ལྷུང་གིན་འདུག།

གནད་འགག་གི་གཏམ་ཞིག་གླེང་ངོ་ཟེར།།
རྟ་ལྕག་གི་ན་ཟུག་ཡིན་རྒྱུ་རེད།།
གསར་བྱུང་གི་ཐབས་ལམ་བསྟན་ནོ་སྐད།།
དབུ་མེད་ལ་རྨོངས་ཚུལ་ཡིན་རྒྱུ་རེད།།

བསལ་བློ་ཡི་དཔའ་རྩལ་རྒྱས་སོ་ཟེར།།
དགོན་པ་ནས་བྲོས་ཚུལ་ཡིན་རྒྱུ་རེད།།
ངག་རིག་གི་དྲག་རྩལ་ཡོད་དོ་སྐད།།
ཚིག་རྒྱན་གི་སྙན་ངག་ཡིན་རྒྱུ་རེད།།

གདེང་འཇོག་གི་གོ་ས་མཐོ་འོ་ཟེར།།
ཁྱི་ཕྲུག་འགའི་ཟུག་སྐད་ཡིན་རྒྱུ་རེད།།
གོ་རིག་གི་ཆར་བ་བསྙིལ་ལོ་སྐད།།
ཡུམ་སྐད་ཀྱི་སྐྱག་དྲི་ཡིན་རྒྱུ་རེད།།

ཁ་རྒྱགས་ཀྱི་སྐད་མགོ་མཐོ་ནའང་།།
ཚིགས་བཅད་ལ་ཚུགས་ཀ་མི་འདུག་པས།།
ཡིག་སྐད་ལ་མཁས་རབས་བཤད་པ་ལས།།
ཁ་སྐད་འགའ་སྦྱང་ན་ཡག་ས་རེད།།

 

ཨ་ཁུའི་ལབ་ལ་མ་རྩ་མི་འདུག།
ཡིད་ལ་དྲན་ཚད་ཡིག་ངོར་བྲིས་འདུག།
དོར་ཤུལ་རྒྱ་མཚོའི་རྩོམ་གཤིས་འགོས་འདུག།
རང་དད་ཆེ་བའི་རྟགས་ཤིག་བསྟན་འདུག།

ང་ཡི་ཆུང་མར་ངན་ཞིག་གཏམ་འདུག།
མུན་ནག་མདའ་མོ་ཤར་ལ་སོང་འདུག།
ཤན་ཐབ་འདབས་ཁ་རླུང་གིས་ཁུར་འདུག།
འཕོངས་ཤ་སྐྱ་ལྡང་གནམ་ལ་བསྟན་འདུག།

ང་ཡི་ལབ་འདི་དོན་གྱིས་ལབ་ཡིན།།
ལབ་ཀྱི་མ་རྩ་སྲ་མོ་རྡོ་ཡིན།།
ཟ་དང་ཟུར་ཁ་གྲི་དང་མདུང་ཡིན།།
ང་རྒྱལ་རྩྭ་སྐྱ་སྲེག་པའི་མེ་ཡིན།།

ཚིག་འབྲུ་རེ་རེ་སྲོག་ལྡན་ཀ་ཡིན།།
ངག་དབང་ལྷ་མོས་གནང་བའི་ཁ་ཡིན།།
དོན་གྱི་ཁ་རྒྱགས་ཟེར་དོན་ག་ཡིན།།
ཟིན་བྲིས་ར་བའི་རྒྱལ་བོ་ང་ཡིན།།

 

བོན་རྒྱ་བསྟན་འཛིན་རབ་རྒྱས། 

རྒད་པོ་སེམས་ལ་གནོད་ཡོད་ཀ །
ད་ཐེངས་སྙིང་་ལ་ཞོག་ཡོད་ཀ །
ཆུང་མར་སྡིགས་ནོ་ཁྲོ་ཡོད་ཀ །
ལབ་ཀྱི་རིགས་པ་ཟུག་ཡོད་ཀ །

རྒྱུད་པ་འདར་ཞོར་འདར་ཞོར་ལ། །
རྒྱལ་བོ་ང་ཡིན་མ་ཟེར་པ། །
ཁ་་མཚར་ཁ་མ་མེད་ནི་ཚོ། །
དགོད་རྒྱུ་ཡོང་ནས་ཤི་འགྲུབ་འདུག ། 

ཟ་ལེ་རྒྱལ། 

སྙིང་ལ་བཞག་པ་ཙམ་གྱིས་ལབ་མིན།།
སྙིང་བོ་མེད་ན་ལབ་ཀྱི་དོན་མིན།།
ཆུང་མར་སྡིགས་ན་ལབ་ཀྱི་རིགས་མིན།།
རིགས་པ་འདི་ལས་མེད་ན་བུ་མིན།།

ལབ་དང་ཁ་མཚར་གཅིག་མིན།།
ང་ཡི་ལབ་འདི་ལབ་མིན།།
རྟ་དང་བོང་བུ་གཅིག་མིན།།
བོན་རྒྱའི་བོང་བུ་རྟ་མིན།།

བོན་རྒྱ་བསྟན་འཛིན་རབ་རྒྱས།

ངའི་ལབ་ལ་ས་མཚམས་མེད་ས་ནས། །
ཁྱོད་རྒན་མོ་ལྷགས་ས་གང་ན་ཡོད། །
སྤྱིར་འཁོར་བ་སྙིང་བོ་མེད་ས་ནས།་།
ཁྱོད་ལབ་ལ་སྙིང་བོ་ཇི་ལྟར་ཡོད། །

ས་བོན་རྒྱ་གསེར་གྱི་གཞོང་བ་ནི། །
རྟ་འདོ་བས་སྐྱ་རྩལ་ངོམས་ས་ཡིན། །
ས་བྱ་ཁོག་ས་མིན་ལུང་བ་ནི། །
བོང་སྐྱ་ལི་བཞུར་འདེད་བྱེད་ས་ཡིན། །

ཟ་ལེ་རྒྱལ།

ཁྱོད་ཀྱི་ལབ་ལ་ས་མཚམས་མེད་ནའང་།།
ང་ཡིས་བདེན་མ་ལབ་ཀྱི་སྙན་ངག་འབྲི།།
ཁྱོད་ཀྱིས་འཁོར་བའི་སྙིང་བོ་མི་མཐོང་ཡང་།།
ང་ཡི་འཁོར་བའི་སྙིང་བོ་ཆུང་མ་ཡིན།

བོན་རྒྱ་ཟོག་གི་ཕ་ས་རེད།།
མྱི་ཟོག་གཉིས་ཀ་ངུར་ས་རེད།།
བྱ་ཁོག་རིག་པའི་ནམ་མཁའ་རེད།།
ཟ་ལེས་ནམ་འཕང་སྟོད་ས་རེད།།

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།