ཟ་ལེ་རྒྱལ་གྱི་ཟིན་བྲིས།
ལས་ཀའི་གུང་གསེང་བར་གྱི་མགྱོགས་བྲིས། (ཉ)
ཟ་ལེ་རྒྱལ་ནས།
ཚོང་པ།
ཁོག་ནས་འཕྲོག་འདོད་ཧམ་པ་ལང་བ་ན།། ཁ་ནས་ན་ཚིག་འདྲེས་མའི་རྫུན་ཚིག་གིས།།
དགྲ་གྲོགས་ཀུན་གྱི་མགོ་ལ་བརྡུང་བ་འདི།། ཚོང་དཔོན་ནོར་བཟང་བརྒྱུད་པའི་གྲུབ་མཐའ་རེད།།
དགེ་རྒན།
ཉེ་རིང་ཀུན་གྱི་མྱི་ལ་ཕན་སེམས་གྱིས།། རང་གིས་གང་ཤེས་རིག་པ་རྣོན་པོ་ཡིས།།
སྣ་ཚོགས་ཐབས་ཀྱིས་ཁྲིད་པའི་ཐབས་མཁས་པ།། སློབ་དཔོན་ཐོན་མི་བརྒྱུད་པའི་གྲུབ་མཐའ་རེད།
ནང་བ།
དབུལ་ཕྱུག་དགྲ་གཉེན་ཀུན་ལ་ཁྱད་མེད་དུ།། རང་གི་མ་ལྟར་བརྩེ་བའི་སྙིང་ཁམས་ཅན།།
འདི་ཕྱི་གཉིས་ལས་ཕྱི་མར་གཅེས་བ་དེ།། ཤྭཀྱའི་སྐྱེས་མཆོག་བརྒྱུད་པའི་གྲུབ་མཐའ་རེད།།
བུད་མེད།
ལུས་ཀྱིས་ངོ་ཚའི་རྣམ་འགྱུར་བསྟན་ནའང་།། འོག་ནས་ཆགས་པའི་ན་ཟུག་རྒྱས་བ་ན།།
ཁྱོ་ཀའི་དམ་ཚིག་སྲུང་བར་དཀའ་བ་དེ།། བྲག་དཀར་སྲིན་མོ་བརྒྱུད་པའི་གྲུབ་མཐའ་ཡིན།།
དཔའ་བོ།
འཐབ་པའི་སྤོབས་པ་ཉམས་པ་མེད་པའི་བུ།། ཉམས་ཆུང་མྱི་ལ་བྱམས་བརྩེ་ཕྱི་ཐག་ཅན།།
ཕམ་པའི་ཚོར་བ་སྙིང་ལ་མ་མྱོང་བ།། གེ་སར་རྒྱལ་པོ་བརྒྱུད་པའི་གྲུབ་མཐའ་ཡིན།།
རྒྱལ་བོ།
དམར་ཆུང་སྙིང་ལ་སྐྱོན་གྱིས་མ་གོས་བའི།། ས་ཁྱབ་སེམས་ཅན་ཀུན་ལ་སེམས་ཁུར་ཅན།།
བཙན་པོའི་མགོ་གནོན་གཉོམ་པོའི་མགོན་པོ་འདི།། མང་ཀུར་རྒྱལ་བོ་བརྒྱུད་པའི་གྲུབ་མཐའ་ཡིན།།
སྨན་པ།
ནད་ཀྱིས་མནར་བའི་ཉམས་ཐག་འགྲོ་བ་ལ།། བྱམས་དང་བརྩེ་བའི་རིལ་བུའི་བཞུས་བའི་ཁུ།།
ཕངས་མེད་གནང་བའི་ཨ་མ་དྲིན་མོ་ཆེ།། སྨན་པ་དུང་ཐོར་བརྒྱུད་པའི་གྲུབ་མཐའ་ཡིན།།
གྲྭ་བ།
འཁོར་བར་ཡུན་རིང་འཁོར་བའི་སུན་སྣང་གིས།། ཞི་བའི་གནས་ཤིག་འཚོལ་བའི་ཐབས་ཤེས་སུ།།
མཛེས་མའི་འཇིག་རྟེན་ཆུང་དུ་བཏངས་བ་འདི།། སད་མི་སྡེ་བདུན་བརྒྱུད་པའི་གྲུབ་མཐའ་ཡིན།།
འདོན་སྤེལ།: ༢༠༠༩/༠༥/༡༩
