ལྷོད་ཀྱིས་བཞུར་བའི་སྙན་ངག།
སྙན་ངག་ལ་ཨུ་ཚུགས་མི་འགྲོ།
དམག་དང་འཁྱག་གི་འཇིགས་པ་དོར་ནས་ཇོ་མོ་གླང་མར་ཞོན་པ་དེ།།
ལྷག་བསམ་ཞིག་གི་མཚོན་རྟགས་ཡིན་གྱི་ཁེ་བཟང་ཞིག་གི་དོན་དུ་མིན།།
ས་མཐའི་ཡུལ་ནས་ལོ་ངོ་དགུ་ལ་སྡུག་གི་ལག་མགོར་འཇུས་བ་དེ།།
རང་གིས་བདམས་པའི་ལམ་ཁ་ཡིན་གྱི་བཀའ་བློན་ཁྲི་བས་བོས་བ་མིན།།
༧ཡིད་བཞིན་ནོར་བུར་ཐོག་མར་མཇལ་དུས་མིག་ཆུ་ཁ་ཤས་འཐོར་བ་དེ།།
འགྲེལ་བཤད་མེད་པའི་དད་པ་ཡིན་གྱི་སྤྲེའུའི་ལད་མོ་བྱས་བ་མིན།།
གསར་འབྱོར་ཀ་ཅ་སྙིང་རེ་རྗེ་ཞེས་གཞིས་སྐྱེས་བུ་མོས་སྨད་པ་དེ།།
སྒོར་མོ་མེད་པས་ལན་པ་ཡིན་གྱི་ཕོ་གསར་ཕོ་སྒོ་ཞན་པས་མིན།།
ཤ་མར་ཐུལ་ལ་བདེ་མོ་བཞག་ཏེ་འབྲས་དང་རྡ་ལེར་རོལ་བ་དེ།།
སྣུམ་པོའི་ཡི་ཀ་འགག་པ་མ་ཡིན་མི་རིགས་ཞིག་གི་དོན་དུ་ཡིན།།
རྒྱ་གར་ཡུལ་ནས་ལོ་ངོ་དགུ་ལ་རྩམ་སྐྱ་ཆུ་བརྫིས་ཟས་བ་དེ།།
རང་གི་ཤེས་འཇོན་ཞན་པས་ཡིན་གྱི་སུ་དང་གང་གིས་མནར་བ་མིན།།
མི་ཡི་ཡུལ་ནས་མི་ཁར་འཛེམ་བཞིན་མི་ཡི་གཡོག་དུ་རྒྱུག་པ་དེ།།
ང་ལ་རིག་སྟོབས་ཞན་པས་མིན་གྱི་ཕ་ས་ཕ་ཡུལ་མེད་པས་ཡིན།།
ཚ་བའི་ནང་ན་འཁྲིག་པའི་རྔུལ་ཆུ་སྟེང་འོག་གཉིས་ནས་བཞུར་བ་དེ།།
ཆགས་པའི་ན་ཟུག་ཁོ་ན་མིན་གྱི་མི་རབས་རྗེས་མའི་དོན་དུའང་ཡིན།།
ལུག་བརྒྱ་ཁྲོམ་གྱིས་སྐོར་བའི་ལུགས་བཞིན་མོ་བརྒྱར་ཕོ་གཅིག་འཐུས་བ་དེ།།
མཁན་པོ་ཞིག་གི་གླེན་བཤད་ཡིན་གྱི་ན་ཆུང་བུ་མོའི་ནང་ཉམས་མིན།།
རྟོག་ལྡན་དགོན་ན་ཁ་རྒྱགས་བཤད་བཞིན་འཇིག་རྟེན་རྒད་པོར་དགོད་པ་དེ།།
རང་གི་ཨ་ཕར་འཕྱས་བ་ཡིན་གྱི་ཟ་ལེ་རྒྱལ་ལ་འབྲེལ་བ་མེད།།
གཡོག་མོའི་བུ་ལ་གཞུང་དོན་མེད་ཅེས་ཨ་མས་ཡང་ཡང་གསུངས་བ་དེ།།
ཟོག་རྫི་ཞིག་གི་སེམས་གཏམ་ཡིན་གྱི་རྗེ་བཙུན་སྒྲོལ་མའི་བསླབ་བྱ་མིན།།
རིག་པའི་ལྷ་མོ་དབྱངས་ཅན་མ་ཞེས་བསྟོད་པའི་ཚིག་ཚོགས་སྤུངས་བ་དེ།།
རི་མོ་ཞིག་གི་འགྲེལ་བཤད་ཡིན་གྱི་བུ་མོ་ཞིག་གི་ཤ་དྲོད་མིན།།
ང་ཡི་ངག་ནས་ལྷོད་ཀྱིས་བཞུར་བའི་སྙན་ངག་སྙི་མོ་འདི་དག་ནི།།
ཨ་མས་གནང་བའི་རྔན་པ་ཡིན་གྱི་ཨུ་ཚུགས་བྱས་ནས་སྦྱངས་བ་མིན།།
དབྱངས་གསལ་སོ་བཞིའི་མལ་ན་བསྙལ་བའི་འཚོ་བའི་སྣང་བརྙན་འདི་དག་ནི།།
ལམ་འགྲམ་དག་ནས་བཏུས་བ་ཡིན་གྱི་དབྱངས་ཅན་ལྷ་མོས་གནང་བ་མིན།།
ནམ་མཁའི་དབྱིངས་སུ་གཡག་རོག་རྒོད་པོས་རྨིག་བཞི་ས་ལ་བཙུག་པའི་མཐུས།།
ཁྱི་སྤྱང་སྨྱོན་པའི་ཀླད་པ་གད་པའི་རྣག་ཁྲག་ཕྱོགས་བཞིར་འཐོར་བ་དེས།།
མཚོ་བཞི་གླིང་བརྒྱད་ཀུན་དུ་གནས་བའི་རིག་པའི་སྒོ་མོ་ཕྱེས་སོ་ཞེས།།
སྣང་སྟོང་སྒྱུ་མའི་རྨི་ལམ་འདི་འདྲ་ད་དུང་བདག་གིས་མི་འབྲི་ལོ།།
