ལྷ་ཡུལ་ནས་བྲིས་བའི་ཉིན་ཐོ།
རྒྱ་ཆེན་ཚོགས་གཉིས་བསགས་པའི་སྐལ་ལྡན་དག།
བགྲོད་པའི་དཀའ་བ་ཅི་ཡང་མེད་ནའང་།།
མགོ་ནག་བོད་པའི་ནོར་རྫི་ལུག་རྫི་ཚོས།།
ལམ་གྱི་ཁ་ཕྱོགས་ཙམ་ཡང་མི་ཤེས་བའི།།
ལྷ་ཡི་ཡུལ་ཞེས་ཀུན་གྱིས་སྨོན་པ་ཞིག།
ཡོད་པར་བཤད་པ་གནའ་ནས་ཐོས་ནའང་།།
ཨ་ཁུ་མཁས་བ་དག་གི་བཤད་ཚུལ་ལ།།
ང་ཡི་ལས་སྐལ་འདི་ཡི་བཟོ་ལྟ་ཡིས།།
གནས་དེར་བསླེབ་པའི་རེ་བ་མི་འདུག་མོད།།
ཁ་སང་ངལ་གསོའི་ཉིན་འགའ་ཐོབས་པ་དང་།།
རྒན་མོ་མ་བུ་གཉིས་ཀའི་ཞུ་སྐུལ་དང་།།
ཡུན་རིང་འདྲིས་བའི་གྲོགས་ཀྱི་འདོད་འདུན་བཞིན།།
ཡོ་རུབ་ཡུལ་གྱི་གནས་མཆོག་བདུན་པོ་ལས།།
སེ་སིའི་རི་བོ་དགུ་རིན་བལ་དཀྲིར་འབྱོར།།
སྣ་བརྒྱའི་མེ་ཏོག་བཞད་པའི་གདན་སྟེང་ན།།
སྤྲིན་གྱི་གླང་བོར་ཆིབས་པའི་ས་འཛིན་གྱིས།།
རྒས་ཚུལ་ཁ་བའི་མགོ་སྐྱེས་ངོམ་བཞིན་དུ།།
ཉི་ཟླའི་རྣ་ཆ་འཛིན་པའི་ཉམས་དང་བཅས།།
དུས་བཞིར་མཉམ་དུ་རོལ་བའི་སྤོབས་པ་ཡིས།།
ཇོ་མོ་གླིང་མ་གཅེར་བུ་དམར་ཧྲེང་མས།།
ང་ཡི་གནས་ལ་འགྲན་པར་མི་ནུས་ཞེས།།
མི་ཡི་འཇིག་རྟེན་ཟིལ་གྱིས་མནན་པ་དེར།།
རང་བློར་རང་ཉིད་བབས་པའི་མཛའ་མོ་དང་།།
ངའོ་སྙམ་པའི་ང་ཡི་བུ་མོ་སོགས།།
བརྩེ་དགའ་མཉམ་དུ་རོལ་བའི་གྲོགས་དག་གིས།།
མིག་ཟུང་ཅེར་ནས་ཁ་ཆུ་བཞུར་བཞིན་དུ།།
ཡ་མཚན་འདི་འདྲ་མི་ཡི་འཇིག་རྟེན་ན།།
ཡོད་པ་མིན་པས་མེད་པ་ཡོད་པ་འདི།།
ལྷ་ཡི་ཡུལ་ལ་བསླེབས་བའི་རྟགས་སུ་བཤད།།
དྭངས་གཙང་ཆུ་མོ་ཤག་ཤག་བཞུར་བའི་སྒྲ།།
ཐོས་བ་ཙམ་གྱིས་སྐོམ་པའི་གདུང་བ་སེལ།།
ཁུ་ཡུག་སྔོན་མོས་ཀུ་ཀོ་བསྒྲགས་པའི་དབྱངས།།
དབྱངས་ཀྱི་རྒྱལ་མོ་ལས་ཀྱང་སྙན་ཞིང་འཇེབས།།
ཆུ་འཛིན་འདབ་མའི་གཙུག་ཕུད་གཡོ་བ་ཡི།།
ནམ་མཁའི་དབྱིངས་སུ་སྙེགས་པའི་གངས་ཀྱི་རི།།
གསོམ་ཤུག་གཡུ་ཡི་ལོ་མའི་སྐེ་རྒྱན་ཅན།།
གང་ལ་བལྟས་ན་དེ་ན་མངོན་པར་མཐོ།།
རྐང་དྲུག་བུང་བ་རྩེན་པའི་དགའ་སྟོན་ན།།
རང་བྱུང་མེ་ཏོག་གད་བའི་དྲི་ཞིམ་དག།
དྲི་བཞོན་རླུང་གིས་ཕྱོགས་བཞིར་སྐྱེལ་བ་ཡི།།
དྲི་ཟའི་གཇིག་རྟེན་ལའང་ཡིད་སྨོན་འཆོར།།
རི་ངོས་གཟར་མོར་འབབ་པའི་རྦབ་ཆུ་ཡིས།
རབ་ཡངས་རྒྱ་མཚོར་གནས་བའི་གཤོག་དྲུག་ཉ།།
དྭངས་གཙང་རྫ་ཆུ་བསིལ་མའི་དགའ་སྟོན་དང་།།
བརྩེ་དགའ་གངས་ཀྱི་རི་ལ་འདྲེན་པར་བྲེལ།།
རྟ་རྒན་དྲིན་ལ་བོང་རྒན་ལྷ་སར་བཞིན།།
ང་ཡང་སྐལ་ལྡན་དག་གི་སྤྱོད་ཡུལ་དུ།།
ཐེངས་གཅིག་འབྱོར་བའི་སྤྲོ་བ་གླུ་ཡིས་བསྟད།།
ལྷ་དང་ལྷ་མོའི་ཚོགས་ལ་ལ་གཞས་བླངས།།
ལྷ་ཕྲུག་བྱེ་བ་འབུམ་ལ་ཀུ་རེ་གཏམ།།
རྩ་བ་གང་དུ་ཟུགས་པ་མི་མཐོང་བའི།།
ས་གསུམ་རྡོལ་བ་ལྗོན་པའི་རྒྱལ་བོ་ཡི།
གཡུ་ཡི་ལོ་འདབ་རྒྱས་བའི་རྩེ་མོ་ནས།།
དཔག་བསམ་འབྲས་བུ་དངོས་སུ་བཏོགས་ཏེ་ཟས།།
ལྷ་དང་མི་ལ་དྲ་རྒྱའི་འབྲེལ་ལམ་བཙུགས།།
དྲ་གྲོགས་དབྱངས་སྒྲོན་ལྷ་མོར་ཁ་པར་བཏང་།།
མགོ་ནག་མི་ཡི་ཡུལ་ལ་འཚམས་འདྲི་བྱས།།
གྲོགས་ཀྱི་ཕྱི་ཐག་ལྷ་ཡི་ཡུལ་དུ་དྲངས།།
རྡོ་རྗེ་ལྷ་མོའི་མཉམ་དུ་རྩེད་མོ་བརྩེས།།
ལྷ་ཕྲུག་མགོན་བཀྲའི་མཉམ་དུ་བདུད་རྩི་བཞེས།།
ལྷ་ཡི་ཡུལ་ནས་མི་ཡི་ལུས་འབྲེལ་བཞག།
མི་ཡི་ལུས་ལ་ལྷ་ཡི་འཚོ་བ་རོལ།།
༢༠༡༠ ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ལ་ཡོ་རུབ་ཀྱི་གནས་མཆོག་བདུན་གྱི་ཡ་གྱལ་སེ་སིའི་རི་བོ་དགུ་རིན་བལ་དཀྲི grindelwald ལ་གྲོགས་མགོན་བཀྲ་བཟའ་མི་གསུམ་དང་མཉམ་དུ་སྤྲོ་འཆམ་ལ་སོང་ནས་བྲིས།
