སྐྲག།

 

༆། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།

འཛམ་གླིང་མཁས་བའི་གཙུག་རྒྱན་གངས་ཅན་བ།།

༧བསྟན་འཛིན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

གཉིས།

གསར་འབྱོར་རྙིང་འབྱོར་དབྱེ་ན་ཤིན་ཏུ་སྐྲག། གྲལ་རིམ་རིགས་རུས་དབྱེ་ན་དེ་བས་སྐྲག།

རྟ་ཕྲུག་གཡག་ཕྲུག་ལབ་ན་ཤིན་ཏུ་སྐྲག། གཡག་ལས་འོ་མ་བཞོས་ན་དེ་བས་སྐྲག།

 

མཁས་བས་ཉོག་གཏམ་བཤད་ན་ཤིན་ཏུ་སྐྲག། བླུན་པོས་བཙན་གཏམ་བཤད་ན་དེ་བས་སྐྲག།

སེར་མོས་དཔའ་གཏམ་བཤད་ན་ཤིན་ཏུ་སྐྲག། བྱིས་བས་བསྒྲགས་གཏམ་སྤེལ་ན་དེ་བས་སྐྲག།

 

རྡ་སའི་སྤོ་སྤོ་རིག་ན་ཤིན་ཏུ་སྐྲག། གྲྭ་སའི་རྡོབ་རྡོབ་རིག་ན་དེ་བས་སྐྲག།

ལྷ་སའི་འཕྱོན་མ་རིག་ན་ཤིན་ཏུ་སྐྲག། བོད་ཀྱི་མཛངས་མ་རིག་ན་དེ་བས་སྐྲག།

 

མཁས་མིང་རང་གིས་བཏགས་ན་ཤིན་ཏུ་སྐྲག། གླེན་པར་པ་པོ་སྦྱར་ན་དེ་བས་སྐྲག།

གླེན་ཕྲུག་ཆུང་མས་བསྟད་ན་ཤིན་ཏུ་སྐྲག། གླེན་པས་གླེན་པ་བསྟད་ན་དེ་བས་སྐྲག།

 

འཛེ་མས་ངོ་ལྟ་བཟུང་ན་ཤིན་ཏུ་སྐྲག། གླེན་པས་སྨྱུ་གུ་བཟུང་ན་དེ་བས་སྐྲག།

འཛེ་མས་རིགས་རྒྱུད་སྤེལ་ན་ཤིན་ཏུ་སྐྲག། གླེན་པས་བརྩམས་ཆོས་སྤེལ་ན་དེ་བས་སྐྲག།

 

འབྲོག་པས་རོང་སྐད་བཤད་ན་ཤིན་ཏུ་སྐྲག། རོང་བས་རྒྱ་སྐད་བཤད་ན་དེ་བས་སྐྲག།

ཡིག་སྐད་བརྡ་སྤྲོད་ཉམ་ན་ཤིན་ཏུ་སྐྲག། ཡུལ་སྐད་ལུང་སྐད་ཉམ་ན་དེ་བས་སྐྲག།

 

དགེ་བསྐོས་བཙན་པོ་རིག་ན་ཤིན་ཏུ་སྐྲག། གྲྭ་བཙུན་འཁྱམས་པོ་རིག་ན་དེ་བས་སྐྲག།

དགེ་བཤེས་དམ་བཅའ་གོ་ན་ཤིན་ཏུ་སྐྲག། མང་ཇའི་རིན་གོང་གོ་ན་དེ་བས་སྐྲག།

 

རྒན་པས་གཅེས་གཏམ་བཤད་ན་ཤིན་ཏུ་སྐྲག། གཞོན་པས་རྒན་གཏམ་བཤད་ན་དེ་བས་སྐྲག།

རྒན་པས་མཐོང་ཐོས་བཤད་ན་ཤིན་ཏུ་སྐྲག། བྱིས་བས་ཉམས་མྱོང་བཤད་ན་དེ་བས་སྐྲག།

 

ནང་གི་ཞི་རྒོལ་རིག་ན་ཤིན་ཏུ་སྐྲག། ཕྱི་ཡི་ལས་འགུལ་རིག་ན་དེ་བས་སྐྲག།

དམར་ཕྱོགས་རྒྱ་གཞུང་རིག་ན་ཤིན་ཏུ་སྐྲག། དཀར་ཕྱོགས་བོད་གཞུང་རིག་ན་དེ་བས་སྐྲག།

 

ཆོས་སྲིད་ཟུང་འབྲེལ་བྱས་ན་ཤིན་ཏུ་སྐྲག། རྒྱ་སྲིད་སུམ་འབྲེལ་བྱས་ན་དེ་བས་སྐྲག།

སྐྱ་སེར་ཟུང་འབྲེལ་བྱས་ན་ཤིན་ཏུ་སྐྲག། གྲྭ་ལོག་སུམ་འབྲེལ་བྱས་ན་དེ་བས་སྐྲག།

 

སྤྱི་འཐུས་སྒེར་འཐུས་བྱས་ན་ཤིན་ཏུ་སྐྲག། སྒེར་དོན་གྲོས་གཞི་བཏོན་ན་དེ་བས་སྐྲག།

ཕ་རོ་མ་རོ་ལབ་ན་ཤིན་ཏུ་སྐྲག། ལ་དང་ལེགས་སོ་ལབ་ན་དེ་བས་སྐྲག།

 

སེར་མོས་སེམས་ཚོར་བྲིས་ན་ཤིན་ཏུ་སྐྲག། དུང་བརྗོད་སྙན་ངག་བྲིས་ན་དེ་བས་སྐྲག།

སྲིད་ཀྱི་ལྟ་གྲུབ་བཤད་ན་ཤིན་ཏུ་སྐྲག། གཞན་གྱི་ལད་མོ་བྱས་ན་དེ་བས་སྐྲག།

 

མི་སྐྱས་ལས་འབྲས་བཤད་ན་ཤིན་ཏུ་སྐྲག། ཁ་དོག་དཀར་དམར་བརྩད་ན་དེ་བས་སྐྲག།

བདག་གཞན་མཉམ་བརྗེ་བཤད་ན་ཤིན་ཏུ་སྐྲག། བདག་ལས་གཞན་གཅེས་བཤད་ན་དེ་བས་སྐྲག།

 

མཁས་བའི་རྩམ་ཁུག་རིག་ན་ཤིན་ཏུ་སྐྲག། བླུན་པོའི་སྒོར་ཁུག་རིག་ན་དེ་བས་སྐྲག།

མཁས་བར་རང་ཚུགས་མེད་ན་ཤིན་ཏུ་སྐྲག། གླེན་པར་ཨུ་ཚུགས་ཆེ་ན་དེ་བས་སྐྲག།

 

 

རིགས་པ་ལྟར་སྣང་བཀོད་ན་ཤིན་ཏུ་སྐྲག། ལུང་ཚིག་ཤི་རོ་དྲངས་ན་དེ་བས་སྐྲག།

གཏན་ཚིག་རིག་པས་སྟོང་ན་ཤིན་ཏུ་སྐྲག། མནའ་ཚིག་དཔང་བོར་བཞག་ན་དེ་བས་སྐྲག།

 

ཤེས་བྱ་ཡོན་ཏན་མེད་ན་ཤིན་ཏུ་སྐྲག། ལྷག་བསམ་གཙོར་བོར་བཟུང་ན་དེ་བས་སྐྲག།

རྐུས་རྩོམ་བཤུས་རྩོམ་སྤེལ་ན་ཤིན་ཏུ་སྐྲག། རང་ལ་རྩོམ་གཤིས་མེད་ན་དེ་བས་སྐྲག།

 

ཀླད་པའི་འཁོར་སྐྱོད་དལ་ན་ཤིན་ཏུ་སྐྲག། ཕ་མེས་ཡང་མེས་བཀུར་ན་དེ་བས་སྐྲག།

བསམ་བློའི་འཕེལ་རྒྱས་མེད་ན་ཤིན་ཏུ་སྐྲག། གནའ་ཤི་ད་བརྒྱད་གླེང་ན་དེ་བས་སྐྲག།

 

རང་ལྟ་མཆོག་འཛིན་བྱས་ན་ཤིན་ཏུ་སྐྲག། གཞན་ལྟ་རྨོངས་འཛིན་བྱས་ན་དེ་བས་སྐྲག།

རང་ཉིད་རང་གིས་བཀུར་ན་ཤིན་ཏུ་སྐྲག། དོན་མེད་བསྒྲགས་གཏམ་སྤེལ་ན་དེ་བས་སྐྲག།

 

སློབ་གྲྭས་སྒྲིག་གཞི་ནོར་ན་ཤིན་ཏུ་སྐྲག། སློབ་མས་མདུན་ལམ་ནོར་ན་དེ་བས་སྐྲག།

གྲྭ་བས་ཉ་མ་ཉར་ན་ཤིན་ཏུ་སྐྲག། སློབ་མས་ཉལ་ཐ་འཐེན་ན་དེ་བས་སྐྲག།

 

དགེ་བཤེས་རྫུན་མ་བྱུང་ན་ཤིན་ཏུ་སྐྲག། བླ་མ་རྫུན་མ་བྱུང་ན་དེ་བས་སྐྲག།

བཀའ་སློབ་རྫུན་མ་གསུངས་ན་ཤིན་ཏུ་སྐྲག། མན་ངག་རྫུན་མ་གསུངས་ན་དེ་བས་སྐྲག།

གཅིག།

དཔའ་བོ་མདའ་རྩལ་ཅན་ལ་ཤིན་ཏུ་སྐྲག། བླུན་པོ་སྨྱུག་རྩལ་ཅན་ལ་དེ་བས་སྐྲག།

བུ་མོ་ཞེ་སྡང་ཅན་ལ་ཤིན་ཏུ་སྐྲག། བླུན་མོ་རང་རློམ་ཅན་ལ་དེ་བས་སྐྲག།

 

གྲྭ་བ་སྲིད་དབང་ཅན་ལ་ཤིན་ཏུ་སྐྲག། གྲྭ་གཟུགས་སྐྱེས་དམན་ཅན་ལ་དེ་བས་སྐྲག།

མི་སྐྱ་དད་ལོག་ཅན་ལ་ཤིན་ཏུ་སྐྲག། གྲྭ་ལོག་ལྟ་ལོག་ཅན་ལ་དེ་བས་སྐྲག།

 

རྒྱ་མི་རྒྱུ་རྔམ་ཅན་ལ་ཤིན་ཏུ་སྐྲག། བོད་མི་རྒྱལ་ཚོང་བ་ལ་དེ་བས་སྐྲག།

བོད་མི་བདག་མེད་རིག་ན་ཤིན་ཏུ་སྐྲག། བོད་སྐད་བདག་མེད་རིག་ན་དེ་བས་སྐྲག།

 

མཁས་བས་སྨྲ་སྒོ་བསྡམས་ན་ཤིན་ཏུ་སྐྲག། བླུན་པོས་མཁས་བཤད་བྱས་ན་དེ་བས་སྐྲག།

མཁས་བ་ཁ་སྟོབས་ཅན་ན་ཤིན་ཏུ་སྐྲག། བླུན་པོ་ང་རྒྱལ་ཅན་ལ་དེ་བས་སྐྲག།

 

མཁས་བར་རང་ལུགས་མེད་ན་ཤིན་ཏུ་སྐྲག། བླུན་པོས་གཞུང་ལུགས་བཤད་ན་དེ་བས་སྐྲག།

མཁས་བས་ཁེར་བཤད་བྱས་ན་ཤིན་ཏུ་སྐྲག། བླུན་པོས་དཔུང་གདང་བསྒྲིགས་ན་དེ་བས་སྐྲག།

 

༧རྒྱལ་བའི་དགུངས་ལོ་མཐོ་ན་ཤིན་ཏུ་སྐྲག། འདྲེ་ཡི་ཚེ་ཐག་རིང་ན་དེ་བས་སྐྲག།།

བཀའ་ཁྲིའི་འོས་གཞི་མེད་ན་ཤིན་ཏུ་སྐྲག། བླུན་པོས་སྲིད་ཁྲི་བཟུང་ན་དེ་བས་སྐྲག།

 

བཀའ་ཁྲི་མཁར་བར་བརྟེན་ན་ཤིན་ཏུ་སྐྲག། རེ་བ་ད་དུང་བྱས་ན་དེ་བས་སྐྲག།

སྐུ་ཚབ་འཕྲིན་སྐྱེལ་བྱས་ན་ཤིན་ཏུ་སྐྲག། འཕྲིན་ལ་འཕྲིན་ལན་མེད་ན་དེ་བས་སྐྲག།

 

སྐྱ་བོས་ཆོས་བཤད་བྱས་ན་ཤིན་ཏུ་སྐྲག། སེར་མོས་ཆབ་སྲིད་བཤད་ན་དེ་བས་སྐྲག།

གྲྭ་བའི་ཁ་གྲངས་ཉམ་ན་ཤིན་ཏུ་སྐྲག། སྐྱ་སེར་རྟོག་པ་མཉམ་ན་དེ་བས་སྐྲག།

 

གྲྭ་རྟའི་གཏམ་རྒྱུད་གོ་ན་ཤིན་ཏུ་སྐྲག། ཇོ་མོའི་བུ་ཕྲུག་མཐོང་ན་དེ་བས་སྐྲག།

སློབ་མས་འཁྲིག་སྤྱོད་བྱས་ན་ཤིན་ཏུ་སྐྲག། སློབ་ཕྲུག་རྒྱང་འཕུད་བྱས་ན་དེ་བས་སྐྲག།

 

རྨོངས་གཙོའི་འོས་ཤོག་གཡུག་ན་ཤིན་ཏུ་སྐྲག། འོས་ཤོག་གཉིས་རེ་གཡུག་ན་དེ་བས་སྐྲག།

གྲོས་ཚོགས་མཇུག་བསྡོམས་གཡུག་ན་ཤིན་ཏུ་སྐྲག། སེར་མོས་ཁུ་ཚུར་གཡུག་ན་དེ་བས་སྐྲག།

 

བོད་ས་རྒྱ་མིས་གང་ན་ཤིན་ཏུ་སྐྲག། གྲོས་ཚོགས་ཟོག་རྫིས་གང་ན་དེ་བས་སྐྲག།

ཕྱུག་པོས་སྦྱིན་བདག་བཙལ་ན་ཤིན་ཏུ་སྐྲག། ས་བདག་གཡོག་ལ་བཀོལ་ན་དེ་བས་སྐྲག།

 

དྲ་ངོས་དྲ་འབུས་གང་ན་ཤིན་ཏུ་སྐྲག། ཆོས་ལུགས་ཆོལ་ཁ་བརྩད་ན་དེ་བས་སྐྲག།

ཁྱི་ཕྲུག་ཁྱི་རྒན་ལབ་ན་ཤིན་ཏུ་སྐྲག། ཟ་ལ་པན་ཇོ་ལབ་ན་དེ་བས་སྐྲག།

 

ལྷ་རམས་དགེ་བཤེས་ལོག་ན་ཤིན་ཏུ་སྐྲག། སྟུ་དང་བྱ་ལེ་བལྡགས་ན་དེ་བས་སྐྲག།

ས་བདག་གཞི་བདག་ཁྲོས་ན་ཤིན་ཏུ་སྐྲག། ས་ཡི་སྟེང་འོག་བརྗེས་ན་དེ་བས་སྐྲག།

 

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།

འཛམ་གླིང་མཁས་བའི་གཙུག་རྒྱན་གངས་ཅན་བ།།

སྟག་མཚེར་༧་བསྟན་འཛིན་རྒྱ་མཚོའི་ཞབས་དྲུང་དུ།།

གསོལ་བ་ཤུགས་ཀྱིས་འདེབས་སོ་བཞུགས་སུ་གསོལ།།

 

རིགས་དྲུག་འགྲོ་བའི་མགོན་པོ་གངས་ཅན་བ་༧བསྟན་འཛིན་རྒྱ་མཚོ་མཆོག་མི་ཡུལ་དུ་ཕེབས་ནས་མི་ལོ་བདུན་ཅུ་དོང་ལྔ་འཁོར་བའི་དགའ་སྟོན་ལ་ཟ་ལེ་རྒྱལ་གྱིས་གནའ་མཁར་ཆེན་པོ་ཕ་རེ་སི་ནས་གུས་བས།

  • loading
  • #1

    ང་དུར་ཁྲོད། (Tuesday, 04 October 2011 13:00)

    ཨ་རོ། དོང་ལྔ་ཟེརབ་དེ་ཅི་ཞིག་རེད། བརྡུང་རྒྱུ་ཞིག་ལོས་ཡིན་བསམས་སོང་། ཧཧཧཧ

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།