ཨ་མདོ་བག་ལེབ་ཉོ་རུ་ཤོགས། བག་ལེབ་ཚ་བོ་ཡིན།
ཟ་ལེ་རྒྱལ།
སོར་མོ་ལྔ་ཡིས་རིང་ཐུང་འགྲན་ཏེ་རང་རང་ཚོད་ཀྱིས་དགྱེ་བ་བཞིན།།
ནུབ་ཀྱི་གནམ་ས་འབྲེལ་བའི་བར་ན་ས་འཛིན་མཐོན་པོས་ནམ་མཁར་སྙེག།
ལྷེམ་ལྷེམ་གཡོ་བའི་མེ་ལྕེ་དང་མཚུངས་མཚམས་སྤྲིན་དམར་བོའི་ལྡིང་ཁང་ན།།
ཉི་མ་སེར་བོས་ཞེན་ཆགས་ལྕི་མོ་དབྱུག་འཛིན་སྒེག་མོའི་འགྲམ་པར་གླན།།
ཕྱི་དལ་ཆེ་བའི་གོམས་འགྲོས་བར་ན་འགྲོ་འདོད་མེད་པའི་སེམས་པ་སྟོན།།
དེ་ཡི་དུས་ལ་དུས་དང་སྐལ་བས་རིང་དུ་དོར་བའི་དྭ་ཕྲུག་ཅིག།
གངས་ཅན་བོད་ཀྱི་རྒྱལ་ས་གཉིས་བ་རྡ་སའི་དོར་མའི་སྲང་ལམ་ན།།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཕྱོགས་ཡོང་མགྲོན་པོའི་འགྲོ་ལམ་ན།།
འཛུམ་མདངས་ཟད་པའི་ངོ་གདོང་སྨུག་པོ་ཉི་མའི་འོད་ཀྱིས་སྔོན་པོར་བསྒྱུར།།
ཕོ་ལོ་ཉི་ཤུའི་སྣང་བ་མཐོན་པོ་རྐང་ལྷམ་ཟད་པོའི་མཐིལ་དུ་ལྷུང་།།
གྲོགས་ཀྱིས་མཐོང་ན་མགོ་བོ་སྒུར་ལ་དགྲ་བོས་རིག་ན་སྙིང་རྗེ་འཆོར།།
ཡིན་ཡང་ད་དུང་ས་མཐའི་ཡུལ་ནས་འཁྱམ་པའི་ལས་དབང་མ་རྫོགས་པས།།
དེ་རིང་བཙོང་བའི་བག་ལེབ་ལྷག་མ་ཕྲག་པ་གཡས་བའི་ཁུར་དུ་བབས།།
སང་ཉིན་མཁོ་བའི་གྲོ་ཕྱེའི་སྒྱེས་མོ་ཕྲག་པ་གཡོན་མས་དང་དུ་བླངས།།
སྐྱ་སེར་འཐབ་པའི་སྲང་ལམ་དེ་ན་ཁ་ཕྱོགས་བོར་བའི་གོམ་འགྲོས་འཁྱོར།།
རྒྱ་གར་བུ་མོའི་གོམ་སྟབས་བར་ན་གསེར་གྱི་རྐང་གདུབ་འཐབ་པའི་སྒྲ།།
དགུན་གསུམ་ཁ་བའི་འདབ་མ་བརྩེགས་ཤིང་གྲང་རླུང་འུར་འུར་ལྡིང་བའི་དུས།།
སྒྱིད་ལུག་སློབ་མའི་རྨི་ལམ་དཀྲོག་བྱེད་ཞོགས་པའི་ལང་བརྡ་བརྡུང་བ་བཞིན།།
ས་ཁུང་གྲུ་བཞིའི་གྲུ་ཁ་ཞིག་ན་འབུད་ཤིང་ལྕི་བ་གྲོ་ཕྱེ་སོགས།།
སྟག་ཤར་དར་མའི་ཡོ་ཆས་ཡོད་ཚད་བདག་མེད་བརྒྱད་ཅུའི་ཨ་མ་བཞིན།།
ཉལ་ཆས་ཟད་པོའི་ཁུག་སོར་བཏུམ་བའི་སྣང་བརྙན་སེམས་སུ་ཤར་བ་ན།།
གོམ་པའི་འདེགས་འཇོག་སེམས་ཀྱིས་མ་ངེས་སྡོང་ལོ་རླུང་གིས་ཁུར་བ་དང་།།
རང་ཁྱིམ་སྙེགས་པའི་ན་ཆུང་བུ་མོ་ཇག་པའི་འཕྲེང་ལམ་བརྒྱུད་པ་བཞིན།།
ལྷ་རྒྱལ་རི་ནས་ཁ་འཐོར་གྲོང་ལ་རང་ཉིད་རང་གིས་བཙན་གྱིས་དེད།།
ས་ཁུང་གཡར་མའི་གྲུ་ཁ་ཞིག་ལ་རང་ཁྱིམ་གོར་མོའི་དྲོད་ཁུལ་རེ།།
བག་ལེབ་སྐམ་པོའི་བུ་ཕྲུག་གཉོར་ཏེ་ཇ་ཐང་ནག་པོའི་མནའ་མ་བསུས།།
ཕ་ཡུལ་མེད་པའི་ས་མཐའ་ཞིག་ནས་སྨྱུ་གུ་ཕྲ་མོར་བརྩེ་བ་བཅོལ།།
ས་མཐའི་ཡུལ་ནས་སེམས་གཏམ་སྙི་མོ་ཤོག་ཆད་བརྩེགས་པའི་ཀློང་ལ་བཏབ།།
ཁ་དོག་མེད་པའི་འཚོ་བ་ཞིག་ལ་ཕུགས་རྒྱང་མེད་པའི་སེམས་པ་གཏད།།
དེ་ལྟ་ན་ཡང་ན་ཆུང་གཞོན་ནུས་རེ་བའི་མིག་ཟུང་མ་བཙུམ་པར།།
སེམས་ཚོར་དྲག་པོས་སྙན་ངག་འབྲི་བཞིན་གེ་སར་རྒྱལ་བོའི་རྐང་རྗེས་བཙལ།།
དྲག་དུ་ལྡིང་པའི་སྙིང་གི་རུས་བ་གཏན་དུ་གཉིད་པའི་འཇིག་རྟེན་ནས།།
མཁའ་ལ་འཕྱོས་ཏེ་ས་ལ་བརྡབས་པ་རྒྱལ་ཁ་ཞིག་གི་བརྡ་རུ་བློམས།།
སྡུག་གི་ལོ་ཟླ་རུས་སྦལ་འགྲོས་ཀྱིས་གོམ་པ་རེ་རེ་སྤོས་ན་ཡང་།།
ཁུག་མའི་ནང་གི་ལྕགས་སྒོར་འཐབ་པའི་མུག་སྒྲ་སེམས་པའི་དྲོད་དུ་བསྒོམ།།
ཟ་ལེ་རྒྱལ་གྱི་མིང་བྱང་བཏགས་ཏེ་མི་ཡི་མཐའ་ལ་དེད་ན་ཡང་།།
སྤོབས་པའི་ཁུ་ཚུར་དམ་དུ་བསྡམས་ཏེ་རང་ཉིད་རང་གི་མགོན་དུ་བཀུར།།
ཕ་ཡུལ་ཕུ་ནུའི་ཕོ་ཉ་འབྱོར་ནས་ས་མཐའི་འཚོ་བ་འདྲི་བའི་དུས།།
འཛུམ་མདངས་མེད་པའི་གད་མོ་དགོད་བཞིན་གངས་ལ་ཉི་མ་འཆར་ལ་ཉེ།།
གངས་རིའི་བུ་ཆུང་བློ་ཕམ་མ་སྐྱེས་ལ་རྒྱའི་སྤོབས་པ་མ་ལྷོད་ཅེས།།
འཚོ་བ་སྐྱུར་མོའི་ཁ་དོག་སྦས་ཏེ་སེམས་པ་དམར་པོའི་ལག་རྟགས་བསྐུར།།
